༉ ད་རེས་ནངས་པར་ མི་ཚུ་གིས་ དུས་ཚོད་མེད་རུང་བཏོན་ཏེ་ ལམ་ཡིག་གི་འཐུས་སྤྲོད་པར་ ལཱ་ཁག་སྦེ་ འབྲེལ་ཡོད་ཡིག་ཚང་ནང་ལས་ཕར་ འགྱོ་སྲོལ་ཡོད་མི་དེ་ ད་ལས་ཕར་ འགྱོ་མི་དགོ་ནི་ཨིན་པས།
དེ་ཡང་ ཁ་ཙ་ གཞུང་ལས་མི་སེར་ཟེར་མི་ ཞབས་ཏོག་དེ་གིས་ ལམ་ཡིག་ཞབས་ཏོག་དང་ ཚོང་འབྲེལ་ ཤེས་རིག་ དེ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཞབས་ཏོག་ཚུ་ ཡོངས་འབྲེལ་ཐོག་ལས་ གླ་འཐུས་སྤྲོད་ནིའི་ ལམ་ལུགས་ཅིག་ འགོ་འབྱེད་འབད་ཡི།
མི་ག་ར་འབད་རུང་ རང་སོའི་ ཚོང་གི་ཆོག་ཐམ་ཚུ་ བསྐྱར་གསོ་འབད་བའི་སྐབས་ ལཱ་ཁག་སྦེ་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ འགྱོ་མ་དགོ་པར་ གླ་འཐུས་ཚུ་ རང་སྡོད་ས་ལས་ ཡོངས་འབྲེལ་ཐོག་ བཏབ་ཚུགས་ནི་ཨིན་པས།
ཤེས་རིག་གི་ཐད་ཁར་ ལམ་ལུགས་དེ་ འབྲུག་སློབ་གྲྭའི་ཆོས་རྒྱུགས་བཀོད་ཚོགས་ནང་ བཙུགས་ཏེ་ཡོདཔ་ལས་ མི་ཚུ་གིས་ ཡིག་ཆ་ཚབ་བཙུགས་འབད་ནི་དང་ ཆོས་རྒྱུགས་གྲུབ་འབྲས་ཚུ་ ལོག་བརྟག་ཞིབ་འབད་ནི་ ཨིང་སྐད་ཁྱད་རིག་ལག་ཁྱེར་ལ་སོགས་པའི་ ཞབས་ཏོག་ཚུ་ ལེན་པའི་སྐབས་ གླ་འཐུས་ཚུ་ ཡོངས་འབྲེལ་ཐོག་ལས་ བཏབ་ཚུགས་ནི་ཨིན་པས།
དེ་བཟུམ་སྦེ་ ལམ་འགྲུལ་ཉེན་སྲུང་དང་སྐྱལ་འདྲེན་དབང་འཛིན་ནང་ སྣུམ་འཁོར་གྱི་ཆོག་ཐམ་དང་ སྣུམ་འཁོར་སྦྱང་བ་འབད་ནིའི་ ལག་ཁྱེར་ཚུ་ བསྐྱར་གསོ་དང་ གསར་བཟོ་ དེ་ལས་ དེད་གཡོགཔ་ཚུ་གི་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་ལ་སོགས་པ་ཚུ་བརྩིས་ཏེ་ ཞབས་ཏོག་༩ དེ་ཅིག་ ཡོངས་འབྲེལ་ཐོག་ལས་ སྤྱོད་ཚུགས་ནི་ཨིན་པས།
ཨིན་རུང་ གླ་འཐུས་སྤྲོད་པའི་ལག་ཁྱེར་ཚུ་ལེན་པར་ འབྲེལ་ཡོད་ཡིག་ཚང་ནང་ འགྱོ་དགོཔ་ཨིནམ་ད་ ཞབས་ཏོག་ཚུ་ཡང་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ དེ་ལས་ འབྲུག་པཱན་ཇབ་དངུལ་ཁང་ཚུ་ནང་ ཡོདཔ་བཞིན་དུ་ གླ་འཐུས་སྤྲོད་པའི་ བརྡ་འཕྲིན་དེ་ཡང་ རང་སོའི་འགྲུལ་འཕྲིན་མོ་བཱ་ཡལ་ནང་ འོང་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ཡོངས་འབྲེལ་ཞབས་ཏོག་དེ་ རྒྱལ་ཡོངས་ཀྱི་ རང་འཚོ་རང་ལྡང་དང་ ཞབས་ཏོག་གཞན་ ཡར་དྲག་གཏང་ནིའི་དོན་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཕྱི་འབྲེལ་ལྷན་ཁག་གི་ འཕྲུལ་རིག་འགོ་དཔོན་གོངམ་ ངག་དབང་ཤེར་པ་གིས་ སླབ་མིའི་ནང་ ལམ་ཡིག་ཚུ་ཡང་ ཡོངས་འབྲེལ་ཐོག་ལུ་ འབད་བའི་ཤུལ་ལས་ ཉིན་གྲངས་༣ གྱི་ནང་འཁོད་ལུ་ འཐོབ་ཚུགས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།