༉ ལྷུན་རྩེ་རྫོང་ཁག་ ཁྲིམས་འདུན་ལུ་ བྲོ་དཔོན་དཀར་མདོག་གིས་ ཡུལ་ལྷ་གསོལ་བའི་སྐབས་ གྲལ་གཏོགས་འབད་མ་བཏུབ་པའི་ གནད་དོན་ཐོག་ ཞུ་གཏུགས་འབད་མིའི་ལན་ལུ་ རྩོད་ཟླ་གིས་ ཁ་བང་བཙོངམ་མས་ཟེར་ ཞུ་ནུག།
དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ཨཔ་དཀར་མདོག་གི་བུམོ་ ཤེས་རབ་སྒྲོལ་མ་གིས་ འགལ་ལན་ཕུལ་མིའི་ནང་ གཡུས་ཁའི་ལྷ་གསོལ་ཅིག་འབདཝ་ལས་ ལྕོགས་གྲུབ་ཡོད་པའི་སྐབས་ ཨ་པ་གིས་ བྲོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ཐ་ན་ ལག་པར་འཁརཝ་བཙུགས་ཏེ་འབད་རུང་ ཕྱག་ཞུ་ཡི་ཟེར་ཨིནམ་ད་ ད་རེས་ ལྕོགས་གྲུབ་མེད་པའི་བསྒང་ལས་ དགོངསམ་ཞུ་སྡོད་ནི་དེ་ འཇིག་རྟེན་ཀུན་གྱི་འགྲོ་ལུགས་ཅིག་ ཨིན་ཟེར་ཨིན་པས།
མོ་གིས་ མོ་གི་ཨ་པ་དེ་ ལྕོགས་གྲུབ་མེད་པའི་གནས་སྟངས་ལུ་ཡང་ ཁྲིམས་ཀྱི་འདུན་སར་བསྐྱལ་མི་དེ་ ངལ་མ་རངས་པར་ དགྲ་དཔག་སྟེ་ ཟུར་འཚོལཝ་ཨིན་ན་ ཡང་ཅིན་ ཉམས་དགའ་སྟེ་ གླུ་ལེན་པར་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཞུ་ནུག།
མོ་གིས་ ཞུ་མིའི་ནང་ བྲོ་དཔོན་གྱི་ བཀོད་རྒྱ་ལྟར་དུ་ བྲོ་རྐྱབ་པའི་སྐབས་ ལྟོ་གོས་གཉིས་ བྱིན་བྱིནམ་ཨིན་ཟེར་དེ་ བདེན་པ་མེད་པའི་ བློ་ཨིན་ཟེར་ཨིནམ་ད་ ཧེ་མའི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ དུས་སྟོན་མ་རན་པའི་སྔ་གོང་ལས་ ཨ་རྒས་ལུ་ ཁྲལཔ་གང་རུང་ཅིག་གིས་ ལྟོ་གོས་བྱིན་གེ་ ལས་མི་འབད་གནང་ཟེར་ སླབ་མི་དང་བསྟུན་ ཕྱག་ཞུ་ཡོདཔ་མ་གཏོགས་ ཁྲལཔ་ཚུ་ལས་ ལྟོ་གོས་འབག་ཤོག་ ང་གིས་འབད་གེ་ཟེར་ སླབ་སླབ་མིན་འདུག་ཟེར་ཨིན་པས།
མོ་གིས་ ཨ་རྒས་ཆ་ཁྱབ་ལུ་ཕོག་པའི་ ཁྲལ་ཨིན་པ་ཅིན་ འཐོན་ནི་ཡོད་རུང་མེད་རུང་ ལྟོ་གོས་གཉིས་ཆ་ར་ ཁོང་རང་གིས་བཏོན་ཏེ་ འགན་འཁྲི་འབག་ཡོདཔ་མ་གཏོགས་ གཞན་གྱིས་ ཆ་རོགས་མི་འབད་དོ་འོང་ཟེར་ ཞུ་ནུག།
ལུང་པའི་སྲོལ་དེ་ ཆོས་ལྡན་གྱི་རྒྱལ་ཁབ་ནང་ བོན་ལྷ་ལུ་ སྐྱབས་འཚོལ་མི་དེ་ བཟང་ངན་ག་ཅིའི་གྲས་ཁར་ཚུད་འོང་ག་ ཞུ་མི་ཤེས་ནི་ཨིན་རུང་ ཁྲལཔ་ཁོང་ར་གིས་ བོན་ལྷ་གསོལ་ནི་མ་གཏོགས་ གཡུས་ཚན་ནང་ ཁྱིམ་གུང་པ་༤༠ ལྷགཔ་ཅིག་ཡོད་རུང་ གསོལ་ནི་མེད་པའི་ཁར་ དུས་སྟོན་གྱི་སྐབས་ ཚོགས་ཟེར་ཕུལ་ནི་ཡོད་མི་ཡང་ ཟ་ནི་ལས་ འཛེམ་ནི་ཡོད་ཟེར་ཞུ་ནུག།
དུས་སྟོན་བརྩི་སྲུང་དེ་ བོན་ཆོས་ཨིནམ་ལས་ མཚམས་འཇོག་འབད་དགོཔ་སྦེ་མེན་པར་ ཨ་པ་དེ་ ལོ་ན་རྒས་པའི་དབང་གིས་ ལྕོགས་གྲུབ་མེདཔ་ཐལ་མི་དེ་ མིག་མཐོང་ལག་བཟུང་ཨིནམ་མ་ཚད་ ཁོ་གི་ཚབ་སྦེ་ བཟའ་ཚང་ནང་ལས་ ཡི་གུ་འབྲི་ལྷག་ཤེས་མི་ཕོ་སྐྱེས་ཡོད་རུང་ བོན་ལྷ་གསོལ་མི་མེད་པར་ ལུས་ཡོདཔ་མ་གཏོགས་ ལྕོགས་གྲུབ་ཡོད་བཞིན་དུ་ འཐོན་མ་བཏུབ་པར་ སྡོད་སྡོདཔ་མེན་ཟེར་ ཞུ་ནུག།
བྲོ་དཔོན་གྱི་ཐོབ་ལམ་ ས་ཆ་ཁག་༢ དེ་ཅིག་ཡོད་ཟེར་ ཞུ་མིའི་ལན་ལུ་ མོ་གིས་ ཁོང་ཁྲལཔ་དམངས་ཀྱིས་ ཧེ་མ་ཡང་ བཟའ་སྤྱོད་འབད་མི་ས་ཆ་དེ་ ཁྲལཔ་ཚུ་གི་ས་ཆ་ཨིནམ་སྦེ་ ཐོབ་བརྗོད་བཀོད་ཡོད་ཟེར་ སླབ་ཡོདཔ་མ་ཚད་ གཞུང་ལས་ ས་ཆ་བསྐྱར་འཇལ་འབད་བའི་སྐབས་ཡང་ ཁྲལཔ་དམངས་ཀྱི་ ས་ཆ་ཨིནམ་ལས་ ཁོང་རའི་ མིང་ཐོ་ཁར་ ཁྲམ་བཀལ་དགོ་ཟེར་བའི་ ཉོགས་བཤད་བཀོད་ཅི་ཟེར་ཨིན་པས།
དེ་སྦེ་ཉོགས་བཤད་བཀོད་རུང་ ས་ཆ་བསྐྱར་འཇལ་འབད་མི་ འགོ་དཔོན་ཚུ་གིས་ དེའི་སྐོར་ལས་ གན་རྒྱ་ཡི་གུ་ཚུ་ བཏོན་ནི་ཡོད་པ་ཅིན་ ཁྲལཔ་དམངས་ལུ་ ཁྲམ་བྱིན་ཆོག་རུང་ གན་ཡིག་ཚུ་མེདཔ་ལས་ རང་དབང་གི་ས་ཆ་དེ་ ཁྲམ་འཆང་མི་གིས་ བསྐྱར་འཇལ་འབད་ཆོག་ཟེར་སླབ་སྟེ་ བསྐྱར་འཇལ་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁྲམ་ཡང་ ཧེ་མ་ལས་ དཀར་མདོག་གི་ཨའི་ ཚེ་འདས་བསོད་དཔལ་འཛོམས་ཀྱི་ མིང་ཐོ་ཁར་འདུག་ཟེར་ཨིནམ་ད་ གལ་སྲིད་ རང་དབང་གི་ས་ཆ་དེ་ ཁྲལཔ་ཚུ་གི་ཨིན་པའི་ བདེན་ཁུངས་འཐོན་སོ་པ་ཅིན་ ཆགས་ཞེན་བསྐྱེད་དགོཔ་མེད་ཟེར་ ཞུ་ནུག།
ཤེས་རབ་སྒྲོལ་མ་གིས་ ཨ་པ་ལྕོགས་གྲུབ་མེདཔ་ལས་ཚུར་ ཁོང་ཁྲལཔ་ཚུ་གིས་ ཁ་དབང་བཙོང་སྟེ་ ཁྲིམས་ཀྱི་འདུན་ས་བསྐྱལ་བའི་ཁར་ ཁྲལཔ་རྩ་བོ་༨ དང་ ཁྲལ་རུབ་འབད་མི་༡༦ དེ་ཅིག་གི་ ངོ་ཚབ་སྦེ་ མི་ངོམ་༥ གིས་ ཁྲིམས་འདུན་ལུ་ བཅར་ཡོདཔ་མ་གཏོགས་ སྐམ་དར་སྤྱི་འོག་གི་ ངོ་ཚབ་སྦེ་མེནམ་ལས་ དབྱེ་བ་ཕྱེ་གནང་དགོ་པས་ཟེར་ ཞུ་ནུག།
སྤྱི་འོག་ལས་ ངོ་ཚབ་སྦེ་ ཡེ་ཤེས་རྡོ་རྗེ་དང་ བསོད་ནམས་རིན་ཆེན་ ཚེ་དབང་ལྷ་མོ་ ཚེ་རིང་སྒྲོལ་མ་ དེ་ལས་ བསོད་ནམས་མོ་རྩོད་རྩ་ཚུ་གིས་ ཕུལ་མིའི་ནང་ དང་ཕུ་ བྲོ་དཔོན་དཀར་མདོག་ལ་གི་ ཕམ་རིམ་བརྒྱུད་སྐབས་ བྲོ་དཔོན་གྱི་ཐོབ་ལམ་སྦེ་ ས་ཆ་ཁག་༣ དེ་ཅིག་ཡོད་མི་དེ་ ད་རེས་ ཨཔ་དཀར་མདོག་ལ་གི་ ཁྲམ་ནང་བཀོད་ཚར་མི་ལུ་བརྟེན་ ཁྲལ་ལས་ཟུར་ཐབས་ལུ་ ཉོགས་བཤད་བཀོད་དེ་ དུས་སྟོན་ནང་ བཅའ་མར་གཏོགས་མི་བཏུབ་པས་ཟེར་ བཀོད་ནུག།
རྩོད་རྩ་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༢༤ ལུ་ ཁྲིམས་འདུན་ལུ་ ཞུ་བ་ཕུལ་མིའི་ནང་ རང་ཟླ་༧ པའི་ཚེས་༡༤ ལུ་ ས་གནས་སྦལཔ་ཟོར་ ཙན་དན་ཤིང་གི་རྩ་བ་དང་ ཟླ་༧ པའི་ཚེས་༡༥ ལུ་ སྤྱི་འོག་༢ ཀྱི་ལྷ་ཁང་ སྟག་སྐད་ལ་ གུ་རུའི་སྐུ་མདུན་ལུ་སྦེ་ ལྷ་མོ་དང་ མགོན་པོ་༢ ཀྱི་སྐུ་འཆམ་དང་བཅས་ བྲོའི་མདངས་དབྱངས་འཐེན་ཏེ་ ལེའུ་བསྒྱུར་ནི་ཡོད་ཟེར་ཨིན་པས།
དེ་བསྒང་ བྲོ་དཔོན་དཀར་མདོག་ལ་གིས་གཙོས་པའི་ ཕོ་སྐྱེས་༥ དང་ཨམ་སྲུ་༥ ཐོན་ཏེ་ བྲོའི་མདངས་དབྱངས་འཐེན་ དུས་ཚོད་ལུ་ ལྷ་གསོལ་ཕུལ་ནི་དེ་ བྲོ་དཔོན་གྱིས་ འགོ་འདྲེན་འཐབ་སྟེ་ ཉིན་གྲངས་༢ ཀྱི་རིང་ བརྩི་སྲུང་འབད་ནི་ཡོདཔ་བཞིན་དུ་ ཁྲལཔ་གུང་པ་༢༥ མཉམ་རུབ་ཐོག་ ལམ་སྲོལ་བཟུང་ནི་ཡོད་ཟེར་ཞུ་ནུག།
ཨིན་རུང་ སྤྱི་ལོ་༢༠༡༤ ལས་ཚུར་ ཨཔ་དཀར་མདོག་ལ་གིས་ ལྕོགས་གྲུབ་མེད་ཟེར་ ཉོགས་བཤད་བཀོད་དེ་ བཅའ་མར་གཏོགས་མ་བཏུབ་མི་ལུ་བརྟེན་ ལོ་༤ སོང་ཡི་ཟེར་ཨིནམ་ད་ རྒེད་འོག་དང་ རྫོང་ཁག་ནང་ གསུང་གྲོས་གནང་རུང་ ཉན་མ་བཏུབ་ལས་ ལུང་པ་ལུ་ དཀའ་ངལ་འཐོན་ནི་ཨིནམ་ལས་ དྲང་བདེན་འཐོབ་ནིའི་དོན་ལུ་ ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་སྦེ་ བཀོད་དེ་འདུག།
ཤུལ་མའི་ བརྒལ་ལན་དེ་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ རྩོད་རྩ་ཚུ་གིས་ ཕུལ་དགོཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།