ཡུ་ཨེསི་ཌོ་ལར་ཨར་རྐུན་གྱི་ གནད་དོན་ནང་ དོགས་པ་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ ཡུ་ཨེསི་ཌོ་ལར་ཨར་རྐུན་གྱི་ གནད་དོན་ནང་ འབྲེལ་གཏོགས་ཡོད་མི་ སྐྱེས་ལོ་༣༢ དང་༢༤ ལང་མི་ དོགས་པ་ཅན་ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
འགག་སྡེའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་ཅིག་གིས་ མོ་གི་ཁྱིམ་ནང་ལས་ ཡུ་ཨེསི་ཌོ་ལར་༢༠,༠༠༠ དེ་ཅིག་ ཨར་རྐུན་ཤོར་ཡོད་པའི་ སྙན་ཞུ་འབད་དེས་ཟེར་ཨིནམ་ད་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ཕོ་སྐྱེས་༢ ལུ་ དོགས་པ་ཡོད་མི་ལུ་བརྟེན་ དེ་ཚེ་ར་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོགས་ཅན་ཕོ་སྐྱེས་༢ ཀྱིས་ ཡུ་ཨེསི་ཌོ་ལར་ཚུ་ ཨརཝ་རྐྱབ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་བཞིན་དུ་ ཁོང་གིས་ ཌོ་ལར་དེ་ཚུ་ དུམ་གྲ་རེ་སྦེ་ ཨརཝ་རྐྱབ་ཡོད་མི་ལུ་བརྟེན་ ག་དེམ་ཅིག་ ཨརཝ་རྐུ་སྟེ་འབད་ཡོདཔ་ཨིན་ན་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
ཨིན་རུང་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ མོ་གི་ཁྱིམ་ནང་ ཡུ་ཨེསི་ཌོ་ལར་༢༠,༠༠༠ དེ་ཅིག་ ཡོད་པའི་སྐོར་ལས་ སླབ་དེས་ཟེར་ཨིནམ་ད་ དོགས་ཅན་ཕོ་སྐྱེས་༢ ལས་ ཌོ་ལར་ཕུད་རྡོག་༡ ཡང་ ལོག་འཐོབ་མ་ཚུགས་མི་ལུ་བརྟེན་ གནད་དོན་དེ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
སྨྱོ་རྫས་ནག་ཚོང་འཐབ་མི་འཛིན་བཟུང་།
དེ་ལས་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ གསང་བའི་སྙན་ཞུ་ཅིག་ ཐོབ་མི་དང་བསྟུན་ ཐིམ་ཕུག་ལྕང་ལམ་ལས་ ཉིན་མའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ སྨྱོ་རྫས་ནག་ཚོང་འཐབ་པའི་ གནད་དོན་ནང་ འབྲེལ་གཏོགས་ཡོད་མི་ སྐྱེས་ལོ་༢༨ ལང་མི་ དོགས་པ་ཅན་ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་པ་ཅན་དེ་ ཞིབ་དཔྱད་འབད་བའི་སྐབས་ ཁོ་གིས་འབག་ཡོད་མི་ ལག་བེག་ནང་ལས་ སྨྱོ་རྫས་ཨིསི་པཱསི་མོ་ པོ་རོག་སི་བཱོན་ པ་ལསི་སྨན་ཐུམ་༡,༨༧༨ དང་ ནའི་ཊོ་ཟན་ཊེན་སྨན་ལེབ་༡ འཕྱོག་བཟུང་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་ འཛིན་བཟུང་འབད་བའི་སྐབས་ ཞིབ་དཔྱད་འབདཝ་ད་ དོགས་ཅན་ཁོ་ར་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་ཡོདཔ་བཞིན་དུ་ དོགས་པ་ཅན་དེ་ ཐིམ་ཕུག་གི་ ཚོང་པ་ཅིག་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *