སྤྱི་ཟླ་༥ པའི་ཚེས་༢༤ གི་ཕྱི་རུ་ ཏཱཇ་བཀྲིས་བཟའ་ཁང་ནང་ ཡུ་རོབ་ཀྱི་ཉིནམ་ བརྩི་སྲུང་གི་དོན་ལུ་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ དབུ་གཙོས་པའི་ འབྲུག་གི་དོན་ལུ་ ཡུ་རོ་པིན་སྤྱི་མཐུན་གྱི་གཞུང་ཚབ་ ཏོ་མཱཟ་ ཀོཟ་ལོསི་ཀི་དང་ ཡུ་རོ་པིན་སྤྱི་ཚོགས་ཀྱི་ཁྲི་འཛིན་ནམ་ འཐུས་མི་སྡེ་ཚན་གྱི་འགོ་ཁྲིདཔ་ ཨམ་ཇིན་ ལམ་བཱཌ་གིས་ བཀྲ་ལེགས་སྨོན་ཞུ་བའི་ཚུལ་ལུ་ རྟེན་འབྲེལ་གྱི་ ཆབ་ཆུ་བཞེས་གནང་པའི་བསྒང་།

ཡུ་རོ་པིན་སྤྱི་ཚོགས་ཀྱིས་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་ལྕོགས་གྲུབ་ཡར་དྲག་གཏང་ནིའི་དོན་ལུ་ ཡུ་རོ་ས་ཡ་༢.༥ བྱིན་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ ཡུ་རོ་པིན་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ འབྲུག་ལུ་ ཞི་བའི་མི་སྡེ་ལས་ཚོགས་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ཡུ་རོ་ས་ཡ་༢.༥ འབད་མི་ ཡུ་རོ་པིན་སྤྱི་མཐུན་(ཨི་ཡུ) ལས་འགུལ་ཅིག་ གཞི་བཙུགས་འབད་ཡི།

དེ་ཡང་ ཧེལ་བི་ཊཱསི་གིས་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་གྱི་ དམིགས་ཡུལ་ངོ་མ་ར་ ཞི་བའི་མི་སྡེ་ལས་ཚོགས་དེ་ ལག་ལེན་གྱི་ ལྕོགས་གྲུབ་ཡར་དྲག་བཏང་སྟེ་ ཡུན་བརྟན་གོང་འཕེལ་དང་ ལེགས་ལྡན་གཞུང་སྐྱོང་ནང་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ཨིན་པས།
ལས་འགུལ་དེ་ དུས་ཅི་ ཨི་ཡུ་དང་ འབྲུག་གཞུང་གི་བར་ན་ སྤྱི་ལོ་༢༠༡༤-༢༠༢༠ ཚུན་ ལག་ལེན་འཐབ་ནི་ཨིན་མི་ ལས་འགུལ་ཁག་༣ གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་པའི་ ལག་ལེན་གྱི་ ཆ་ཤས་༢ ཡོད་མི་ལས་༡ ཨིན་ཟེར་ ཡུ་རོ་པིན་སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་གྲངས་སུ་ཡོད་མི་ འབྲུག་གི་དོན་ལུ་ ཨི་ཡུ་སྤྱི་མཐུན་གྱི་གཞུང་ཚབ་ ཏོ་མཱཟ་ ཀོཟ་ལོསི་ཀི་གིས་ བཤདཔ་ཨིན་པས།
ང་བཅས་ཀྱིས་ ཞི་བའི་མི་སྡེ་ལས་ཚོགས་དང་ མི་སྡེ་དང་འབྲེལ་བའི་ ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ དམངས་གཙོའི་རིང་ལུགས་ནང་ ལས་སྡེ་ག་ཅིའི་ཐད་ལས་འབད་རུང་ ཆ་ཤས་གལ་གནད་ཅན་ཅིག་ འབད་ནི་དེ་གིས་ཨིན་ཟེར་ གཞུང་ཚབ་ཀྱིས་ བཤད་པའི་ཁར་ རྫོང་ཁག་༢༠ ཆ་མཉམ་ནང་ ཁྱབ་དགོཔ་ཨིན་མི་ ལས་འགུལ་དེ་གིས་ ས་གནས་གཞུང་གི་ གནས་རིམ་གྱི་ མི་སེར་ཉམ་ཆུང་༡༥,༠༠༠ ལུ་ ཕན་ཁྱད་འབྱུང་དགོ་ཟེར་ བཤདཔ་ཨིན་པས།
ལས་འགུལ་གྱི་ ཆ་ཤས་གཞན་དེ་ ས་གནས་གཞུང་གི་ ལྕོགས་གྲུབ་གོང་འཕེལ་དང་ མ་དངུལ་གྱི་ དབང་ཚད་ཕྱིར་སྤེལ་འབད་ཐབས་ལུ་ཨིནམ་ད་ འབྲུག་གཞུང་གི་ དམིགས་ཡུལ་༡ དངུལ་འབྲེལ་འཛིན་སྐྱོང་གི་ དབང་ཚད་ཕྱིར་སྤེལ་དང་ ས་གནས་གཞུང་ལུ་ དབང་ཚད་གནང་ནི་དེ་ཨིནམ་ལས་ ང་བཅས་ཀྱིས་ཡང་ དངུལ་འབྲེལ་འཛིན་སྐྱོང་གི་ དབང་ཚད་ཕྱིར་སྤེལ་དང་ ལྕོགས་གྲུབ་གོང་འཕེལ་གྱི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་བྱིནམ་ཨིན་ཟེར་ གཞུང་ཚབ་ཀྱིས་ བཤདཔ་ཨིན་པས།
ལས་འགུལ་དེ་གཉིས་ལུ་ མ་དངུལ་རྒྱབ་སྐྱོར་ ཡུ་རོ་ས་ཡ་༢༤ ཨིནམ་ད་ ལས་རིམ་༢ པའི་ནང་ སོ་ནམ་དང་ ནགས་ཚལ་ཡུན་བརྟན་གྱི་དོན་ལུ་ ཡུ་རོ་ས་ཡ་༢༠ བྱིན་ཏེ་ཡོདཔ་ཨིན་པས།
གཞུང་ཚབ་ཀྱིས་འབད་བ་ཅིན་ ཡུ་རོ་པིན་སྤྱི་མཐུན་གྱིས་ བཟའ་སྤྱོད་ཉེན་སྲུང་དང་ ལཱ་གཡོག་གི་ལྕོགས་གྲུབ་ དེ་ལས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ གནད་དོན་ཚུ་ནང་ཡང་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
ཚོང་འབྲེལ་ལས་འགུལ་གསརཔ་དེ་ལུ་ ཡུ་རོ་ས་ཡ་༤ བརྩིས་ཏེ་ ད་རེས་ ཨི་ཡུ་གིས་ འབྲུག་གི་གོང་འཕེལ་ལས་དོན་ཚུ་གི་དོན་ལུ་ བསྡོམས་ཀྱིས་ཡུ་རོ་ས་ཡ་༤༨ བྱིན་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ཚུན་ཚོད་ ཨི་ཡུ་གིས་ འབྲུག་ལུ་ སོ་ནམ་དང་ ཤེས་རིག་ལ་སོགས་པའི་ དམིགས་བསལ་ལས་འགུལ་ཚུ་ནང་ གྲོགས་རམ་བྱིན་ཡོད་རུང་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ འཆར་གཞི་བརྩམ་ནི་དང་ འཛིན་སྐྱོང་ག་ཅིའི་ཐད་ལས་འབད་རུང་ འབྲུག་གཞུང་ལུ་ ལྕོགས་གྲུབ་ཡོད་ནི་དེ་གིས་ གྲོགས་རམ་བྱིན་ཐངས་ བསྒྱུར་བཅོས་འབད་དེ་ ད་རེས་ནངས་པར་ གཞུང་གི་འཆར་དངུལ་ལུ་ ཐད་ཀར་དུ་ གྲོགས་རམ་བྱིནམ་ཨིན་ཟེར་ གཞུང་ཚབ་ཏོ་མཱཟ་ ཀོཟ་ལོསི་ཀི་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་དང་ ཨི་ཡུ་གི་བར་ན་ མཐུན་ལམ་ལེགས་ཤོམ་ཡོད་པའི་ཁར་ ད་རེས་ ཡུ་རོ་པིན་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་ འོང་མི་དེ་གིས་ འབྲུག་གི་ སྤྱི་ཚོགས་དང་ མཐུན་འབྲེལ་ཡར་རྒྱས་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༤ གི་ཕྱི་རུ་ ཏཱཇ་བཀྲིས་བཟའ་ཁང་ནང་ ཡུ་རོབ་ཀྱི་ཉིནམ་ བརྩི་སྲུང་གི་དོན་ལུ་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ལོ་ངོ་༣༧ དེ་ཅིག་གི་ཧེ་མར་ ཨི་ཡུ་དང་ འབྲུག་གི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་ཞིནམ་ལས་ཚུར་ མཐུན་ལམ་ལེགས་ཤོམ་སྦེ་ གནས་ཏེ་ཡོད་པའི་ཁར་ ལྷག་པར་དུ་ ཨི་ཡུ་གིས་ འབྲུག་རྒྱལ་ཁབ་ལུ་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ མཐུན་འབྲེལ་དེ་ ལོ་བསྟར་བཞིན་དུ་ རྩ་བརྟན་དང་ སྒྲིང་སྒྲི་འགྱོ་དོ་ཟེར་ གསུངས་ཡི།
སྤྱི་ཟླ་༥ པའི་ཚོས་༢༣ ལས་༢༦ ཚུན་ རྒྱལ་ཁབ་ནང་ སྡོད་རིང་ལུ་ ཨི་ཡུ་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་དང་ སྤྱི་ཚོགས་དང་འབྲེལ་བའི་ གྲོས་བསྡུར་ནང་ བཅའ་མར་གཏོགས་པའི་ཁར་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱད་ཡོདཔ་ཨིན་པས།
བེལ་ཇི་ཡམ་གྱི་རྒྱལ་ས་ བ་ར་སིལསི་ཡམ་ལུ་ཡོད་མི་ ཡུ་རོ་པིན་སྤྱི་མཐུན་གྱིས་ སྤྱི་ལོ་༡༩༨༢ ལས་ཚུར་ འབྲུག་ལུ་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ སྤྱི་ལོ་༡༩༨༥ ལུ་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་ཀྱི་ མཐུན་ལས་གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *