འོད་རླབས་སྨན་བཅོས་ རེ་ཌིའོ་ཐེ་ར་པི།

འོད་རླབས་སྨན་བཅོས་ རེ་ཌིའོ་ཐེ་ར་པི་གི་ ཞབས་ཏོག་འགོ་བཙུགས།

༉ སྤྱི་ཟླ་༡ པའི་ཚེས་༡ ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འོད་རླབས་སྨན་བཅོས་ རེ་ཌིའོ་ཐེ་ར་པི་གི་ ཞབས་ཏོག་འགོ་བཙུགས་ཞིནམ་ལས་ཚུར་ ཀེན་སར་གྱི་ ནདཔ་༡༨ ཀྱིས་ ཞབས་ཏོག་དེ་ སྤྱོད་དོ་ཡོདཔ་ཨིན་པས།རེ་ཌིའོ་ཐེ་ར་པི་གི་ འགན་འཛིན་པ་ དི་ལི་རམ་ ཨ་དི་ཀ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞབས་ཏོག་སྤྱོད་མི་ ཀེན་སར་གྱི་ནདཔ་ ལེ་ཤ་ཡོད་མི་ལས་ མང་ཤོས་ར་ རེག་ཊལ་ཀེན་སར་གྱི་ནདཔ་ཚུ་ ཡོད་ཟེར་ཨིནམ་ད་ མགུ་རྙོགས་ཅན་གྱི་ ནད་གཞི་རེ་ མ་འཐོན་པ་ཅིན་ ད་རེས་ རྒྱལ་ཁབ་ནང་ རེ་ཌིའོ་ཐེ་ར་པི་གི་ སྨན་བཅོས་བྱིན་ཚུགས་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཞབས་ཏོག་དེ་ འགོ་བཙུགས་མི་དེ་གིས་ ཀེན་སར་གྱི་ནདཔ་ཚུ་ སྨན་བཅོས་འབད་བར་ རྒྱ་གར་ལུ་ འགྱོ་མ་དགོ་མི་ལུ་བརྟེན་ སྟབས་བདེ་ཏོག་ཏོ་ སོང་སྟེ་ཡོད་ཟེར་ཨིན་པས།ཀེན་སར་གྱི་ གཤག་བཅོས་མང་ཤོས་ར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འབད་བའི་ཤུལ་ལས་ རེ་ཌིའོ་དང་ ཀེ་མོ་ཐེ་ར་པི་གི་དོན་ལུ་ ཕྱི་ཁར་བཏང་དོ་ཡོདཔ་ད་ ཕྱི་ཁར་བཏང་མི་ ནདཔ་མང་ཤོས་ར་ གཡུས་ཁའི་མི་ཚུ་ཨིནམ་ལས་ དཀའ་ངལ་བྱུང་དོ་ཡོད་རུང་ རྒྱལ་ཁབ་ནང་ ཞབས་ཏོག་དེ་ བཙུགས་མི་ལུ་བརྟེན་ ནདཔ་ཚུ་སེམས་དགའ་སྟེ་ ཡོདཔ་ཨིན་པས།རེ་ཌིའོ་ཐེ་ར་པི་གི་ སྨན་བཅོས་དེ་ ཉིནམ་༡ ནང་ དཔྱ་༢ སྦེ་ བགོ་བཤའ་རྐྱབ་ཞིནམ་ལས་ སྨན་བཅོས་འབད་དོ་ཡོདཔ་ད་ ཉིནམ་༡ ནང་ ནདཔ་ཚུ་གིས་ སྨན་བཅོས་ཚར་ག་དེམ་ཅིག་ འབད་དགོཔ་ཨིནམ་ད་ ནདཔ་གི་ སྨན་བཅོས་འཆར་གཞི་དང་འཁྲིལ་ ཨིནམ་བཞིན་དུ་ སྨན་བཅོས་འཆར་གཞི་དེ་ ཀེན་སར་གྱི་ ཌོག་ཊར་གྱིས་ བཟོ་དོ་ཡོདཔ་ཨིན་པས།རེས་གཟའ་མིག་དམར་ལས་ སྤེན་པ་ཚུན་ ཉིན་བསྟར་བཞིན་དུ་ ཀེན་སར་གྱི་ནདཔ་༡༤ དེ་ཅིག་ལུ་ ཞབས་ཏོག་དེ་ བྱིན་དོ་ཡོདཔ་ད་ དི་ལི་རམ་ཨ་དི་ཀ་རི་གིས་འབད་བ་ཅིན་ རེ་ཌི་ཤཱན་ཐེ་ར་པི་དེ་ སྨན་བཅོས་འབད་ཚུགས་མི་དང་ ན་ཟུག་མར་ཕབ་འབད་ནིའི་དོན་ལུ་ བྱིནམ་ཨིན་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ སྨན་བཅོས་འབད་ཚུགས་མི་ཚུ་ལུ་ འབད་མི་དེ་ ཀེན་སར་ལོག་འཐོབ་ནིའི་དོན་ལུ་ སྔོན་འགོག་འབད་ནི་དང་ རེ་ཌི་ཤཱན་ཐེ་ར་པི་དེ་ སོ་སོར་དང་ ཡང་ཅིན་ གཤག་བཅོས་དང་ ཀེ་མོ་ཐེ་ར་པི་དང་གཅིག་ཁར་དང་ ཡང་ཅིན་ སྟབས་གཅིག་ཁར་ འབད་དོ་ཟེར་ཨིནམ་ད་ ན་ཟུག་མར་ཕབ་ཀྱི་ སྨན་བཅོས་འབད་མི་དེ་ ཀེན་སར་ལུ་བརྟེན་ཐོབ་མི་ ན་ཟུག་འཇོམས་ཐབས་ལུ་ ཨིན་ཟེར་ཨིན་པས།དི་ལི་རམ་ཨ་དི་ཀ་རི་གིས་ སླབ་མིའི་ནང་ རེས་གཟའ་ཉིམ་ལུ་ ནདཔ་ཉུང་སུ་ཅིག་ལས་བརྒལ་ སྨན་བཅོས་མ་འབད་མི་དེ་ འཕྲུལ་ཆས་ཀྱི་ སྤུས་ཚད་དང་ ལཱ་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་ བརྟག་དཔྱད་འབད་ནི་ ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དངོས་ཁམས་རིག་པའི་ སྨན་བཅོས་མཁས་མཆོག་ ཌོག་ཊར་རྟ་མགྲིན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འོད་ཤུགས་སམ་ མཐོ་དྲགས་ཀྱི་ ལཱ་འབད་དགོཔ་ལས་ ཨ་རྟག་ར་ འཕྲུལ་ཆས་སྤུས་ཚད་ཀྱི་ བརྟག་དཔྱད་འབད་དགོ་ཟེར་ཨིནམ་ད་ ཁོང་ལུ་ གནས་ཚད་ལག་ལེན་གྱི་ ལམ་ལུགས་ཡང་ ཡོད་ཟེར་ཨིན་པས།རྒྱལ་ཁབ་ནང་ རེ་ཌིའོ་ཐེ་ར་པི་གི་ ཞབས་ཏོག་བཙུགས་ནིའི་དོན་ལུ་ སྨན་ཁང་གི་ བཀོད་ཚོགས་ཀྱིས་ གནང་བ་བྱིན་ཡི་ཟེར་ཨིནམ་ད་ ཞབས་ཏོག་གི་དོན་ལས་ ཞིབ་འཚོལ་འབད་དེ་ གནང་བ་འཐོབ་ཐབས་ལུ་ ལོ་༢ དེ་ཅིག་ འགོར་ཡི་ཟེར་ཨིནམ་ལས་ འཕྲུལ་ཆས་དེ་ ཇར་མ་ནི་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།དི་ལི་རམ་ཨ་དི་ཀ་རི་གིས་ སླབ་མིའི་ནང་ སྨན་ཁང་ནང་ མི་སྟོབས་མེད་པའི་ དཀའ་ངལ་ལུ་བརྟེན་ ཞབས་ཏོག་དེ་ རྒྱལ་སྤྱིའི་ལས་ཚོགས་ ཀེ་ཨར་ཨཱསི་ཊེ་ལི་ཡ་ལུ་ ལོ་༡༢ ཀྱི་དོན་ལུ་ བྱིན་ཡོདཔ་ལས་ ཞབས་ཏོག་བྱིན་ནིའི་དོན་ལུ་ ཀེན་སར་གྱི་ ཌོག་ཊར་དང་ དངོས་ཁམས་རིག་པའི་ སྨན་བཅོས་མཁས་མཆོག་ལ་སོགས་པ་ཚུ་ རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས།ཌོག་ཊར་རྟ་མགྲིན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ནདཔ་ཚུ་ལུ་ རེ་ཌི་ཤཱན་ཐེ་ར་པི་གི་ སྨན་བཅོས་དེ་ མ་བྱིན་པའི་ཧེ་མར་ ཚར་ལེ་ཤ་བརྟག་དཔྱད་འབད་དགོ་ཟེར་ཨིནམ་ད་ བརྟག་དཔྱད་འབད་བའི་སྐབས་ འཐུས་ཤོར་འབྱུང་པ་ཅིན་ འཕྲུལ་ཆས་དེ་གིས་ ཞབས་ཏོག་བྱིན་མི་ཚུགས་ནི་ཨིནམ་ལས་ དཀའ་ངལ་དེ་ བལྟ་དགོ་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ ནདཔ་ཚུ་ལུ་ སྨན་གྱི་ཐུན་ཚད་ ཐེབས་བྱིན་ཡོདཔ་ཨིན་ན་དང་ ཡང་ཅིན་ ཆད་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ནིའི་དོན་ལུ་ ནདཔ་ཚུ་ ཐོ་བཀོད་འབད་དེ་ བཞག་དོ་ཟེར་ཨིནམ་ད་ དེ་གིས་ ཞིབ་འཚོལ་ལུ་ ཕན་ཐོགས་ནི་ཨིནམ་བཞིན་དུ་ ད་ལྟོ་ ཞབས་ཏོག་གི་སྐོར་ལས་ ལྷབ་སྦྱང་འབད་དོ་ཡོདཔ་ལས་ ལོ་༡༠ གྱི་ཤུལ་ལས་ ཞབས་ཏོག་དེ་ ནང་འཁོད་ཀྱི་ སྨན་བཅོས་མཁས་མཆོག་ཚུ་གིས་ བྱིན་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *