༉ ཁ་ཙ་ ཐིམ་ཕུག་རྒྱལ་པོའི་མགྲོན་ཁང་ནང་སྦེ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་༢ ཀྱིས་ འགོ་འདྲེན་ཐོག་ལས་ འཛམ་གླིང་ཨམ་སྲུ་རྩུབ་སྤྱོད་རྩ་མེད་ཀྱི་ཉིནམ་ བརྩི་སྲུང་འབད་ཡི།
ཉིནམ་བརྩི་སྲུང་འབད་སར་ སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ བྱོན་ཡོདཔ་བཞིན་དུ་ བློན་པོའི་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་འཐུས་མི་ དེ་ལས་ གཞུང་གི་དཔོན་ཁག་དང་ མི་སེར་༥༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཅི།
ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ བརྡ་བརྒྱུད་ནང་ལས་ཕར་ ཨམ་སྲུ་དང་ཨ་ལོའི་རྩུབ་སྤྱོད་སྐོར་ལས་ ལེ་ཤ་ཅིག་ར་ འཐོན་ནི་འདུག་ཟེར་ཨིནམ་ད་ མ་འོངས་པ་ལུ་ འདི་བ་ལྷག་པའི་ དཀའ་ངལ་འཐོན་སྲིད་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨ་ལོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་དཀའ་ངལ་དེ་ ཨ་རྟག་ར་ ཐོན་ཏེ་འདུག་ཟེར་ མོ་གིས་ བཤད་པའི་ཁར་ ན་ཧིང་ ཨ་ལོ་དང་འབྲེལ་བའི་རྩུབ་སྤྱོད་༩ དེ་ཅིག་ ཐོན་ནུག་ཟེར་ཨིནམ་ད་ དུས་ཅི་ དགེ་ལེགས་ཕུག་ལུ་ ཨ་ལོ་འདོད་སྤྱོད་ཀྱི་གནོད་འཚེ་འབད་མི་ རྩོད་གཞི་༡༧ དེ་ཅིག་ ཐོན་ཡི་ཟེར་ཨིན་པས།
བཀོད་ཁྱབ་མདོ་ཆེན་གྱིས་ རྩུབ་སྤྱོད་དང་འབྲེལ་བའི་ དཀའ་ངལ་བསལ་ནི་དེ་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་རྐྱངམ་གཅིག་མེན་པར་ རྩུབ་སྤྱོད་ཀྱི་དཀའ་ངལ་བསལ་ནི་དེ་ ཆ་མཉམ་གྱི་ འགན་ཁུར་ཨིན་ཟེར་བཤད་ཅི།
ཨམ་སྲུ་རྩུབ་སྤྱོད་ཀྱི་སྙན་ཞུ་༢༠༡༢ དང་འཁྲིལ་བ་ཅིན་ ཁྲོམ་ཁར་ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་འབད་མི་བརྒྱ་ཆ་༢༥.༢ དང་ གྲོང་གསེབ་ནང་ བརྒྱ་ཆ་༤༠.༤ དེ་ཅིག་འབདཝ་ད་ རྩུབ་སྤྱོད་འབད་མི་ གྲོང་གསེབ་ནང་ ལོག་ལྟབ་ཀྱིས་ མང་སུ་ཡོདཔ་ཨིན་པས།
ཨམ་སྲུ་དང་ཨ་ལོ་ཚུ་གི་ རྩུབ་སྤྱོད་ཀྱི་དཀའ་ངལ་བསལ་ནིའི་དོན་ལུ་ རྒྱལ་ཁབ་ནང་ སྲིད་བྱུས་དང་བཅའ་ཁྲིམས་སྒྲིང་སྒྲི་འདུག་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་པའི་ཁར་ གཙོ་བོ་ར་ རང་སོའི་ཁས་ལེན་དེ་ ཁག་ཆེ་ཟེར་ཨིནམ་ད་ ཨམ་སྲུ་དང་ཨ་ལོ་རྩུབ་སྤྱོད་ཀྱི་དཀའ་ངལ་བསལ་ནིའི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོད་ཟེར་ ཨིན་པས།
བཀོད་ཁྱབ་མདོ་ཆེན་དང་འཁྲིལ་བ་ཅིན་ དུས་ཅི་གི་ལོ་ནང་ བདུན་ཕྲག་༡ ནང་ ཨ་ལོ་ཚུ་ལུ་ འདོད་སྤྱོད་ཀྱི་གནོད་འཚེ་འབད་མི་ རེ་རེ་ཐོན་ཏེ་འདུག་ཟེར་ཨིནམ་ད་ སྤྱི་ཟླ་༡༡ པ་ འགོ་བཙུགས་ཁམས་ལུ་ འདོད་སྤྱོད་ཀྱི་གནོད་འཚེ་༣༥ དེ་ཅིག་འབད་བའི་ སྙན་ཞུ་ལྷོད་ཡོདཔ་ལས་ དེ་ལུ་ མནོ་བསམ་གཏང་དགོཔ་འདུག་ཟེར་ཨིན་པས།
སྙན་ཞུ་༢༠༡༦ དང་འཁྲིལ་བ་ཅིན སྐྱེས་ལོ་༡༣ ལས་༡༧ གྱི་བར་ན་འབད་མི་ ཨམ་སྲུ་དང་ཨ་ལོ་བརྒྱ་ཆ་༦༤ དེ་ཅིག་གིས་ ཕྱིའི་རྩུབ་སྤྱོད་ཀྱི་ དཀའ་སྡུག་མྱོང་མི་ ཙང་ཙ་ཨིནམ་སྦེ་ སྙན་ཞུ་ནང་བཀོད་ཡོདཔ་ད་ བརྒྱ་ཆ་༤༤.༨ སྐྱེས་ལོ་༡༣ མེན་ཆད་འབད་མི་ཚུ་ ཕྱིའི་རྩུབ་སྤྱོད་ཀྱི་ དཀའ་སྡུག་མྱོང་སྟེ་འདུག་ཟེར་ཨིན་པས།
ཨམ་སྲུ་དང་ཨ་ལོའི་ དཀའ་ངལ་བསལ་ནིའི་དོན་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ མོ་བཏབ་ཀྱི་ ལས་འགུལ་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ད་ ལས་འགུལ་དེ་ཡང་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་༢༠༡༣ ཅན་མ་དེ་ འགྲེམ་སྟོན་འབད་ནིའི་དོན་ལུ་ཨིན་པས།
ཉིནམ་དེ་ཁར་ མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་ནང་འཁོད་ཀྱི་ ཚེས་བཅུའི་གར་འཆམ་ཚུ་གི་ བཤད་པ་དང་ རྩུབ་སྤྱོད་ཀྱི་ གོ་བརྡ་སྤེལ་ནིའི་དོན་ལུ་ བུམོ་ཅུང་ཡེ་ཤེས་ཟླ་བ་ཟེར་མི་ དཔེ་དེབ་ཚུ་ གསར་བཏོན་འབད་ཡོདཔ་མ་ཚད་ རྩུབ་སྤྱོད་དང་འབྲེལ་བའི་ གློག་བརྙན་དང་འཁྲབ་སྟོན་ཡང་ སྟོན་ཡི།
འཛམ་གླིང་ཨམ་སྲུའི་རྩུབ་སྤྱོད་རྩ་མེད་ཀྱི་ཉིནམ་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ རྩུབ་སྤྱོད་ཀྱི་དཀའ་ངལ་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ གསལ་བཤད་འབད་ཐོག་ལས་ བརྩི་སྲུང་འབད་དོ་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།