འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ འབྲུག་གི་ གནད་དོན་གལ་ཅན་ཚུ་ནང་ གྲོགས་རམ་འབད་ནི།

ཁ་ཙ་ གཞུང་དང་ ལས་སྡེ་ གཞུང་མིན་ལས་སྡེ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གི་ ངོ་ཚབ་ཚུ་གིས་ རྒྱལ་ཁབ་སྤྱིར་བཏང་གི་ དབྱེ་དཔྱད་ཟིན་བྲིས་གུ་ གྲོས་བསྡུར་འབད་ཡི།

དབྱེ་དཔྱད་ཟིན་བྲིས་དེ་གིས་ སྤྱི་ལོ་༢༠༡༩ ལས་༢༠༢༣ གྱི་བར་ན་ གོང་འཕེལ་གྱི་ འཆར་གཞི་བཟོ་ནི་ཨིན་མི་ལུ་ སྒྲུབ་བྱེད་ལྡན་པའི་གྲོགས་རམ་ བྱིན་ཚུགས་ནི་ཨིན་པས།

དེ་མ་ཚད་ དབྱེ་དཔྱད་ཟིན་བྲིས་དེ་གིས་ འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཚུ་ལུ་ འབྲུག་ལུ་འཆར་གཞི་༡༢ པའི་ གོང་འཕེལ་གྱི་ལཱ་ཚུ་འབད་བའི་སྐབས་ ལམ་སྟོན་གྱི་ ལྷན་ཐབས་འབད་ནི་ཨིན་པས།

སྙན་ཞུ་གིས་ མཉམ་འབྲེལ་ལས་རིམ་བཟོ་བའི་སྐབས་ ལག་ལེན་འཐབ་བཏུབ་པའི་ གནད་དོན་ཁག་ཆེ་ཤོས་༤ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ གནམ་གཤིས་འགྱུར་བགྲོད་དང་བསྟུན་པའི་གདོང་ལེན་དང་ རྐྱེན་ངན་འཛིན་སྐྱོང་ ཕོ་མོའི་འདྲ་མཉམ་ ཟས་བཅུད་ཉེན་སྲུང་ དེ་ལས གྲོས་ཐག་བཅད་པའི་སྐབས་ ལས་འགུལ་ཆུང་བའི་གནས་སྡུད་ཚུ་ འཐོབ་ཚུགས་ནི་ཨིན་པས།

གནམ་གཤིས་འགྱུར་བགྲོད་ཀྱི་གདོང་ལེན་དང་ རྐྱེན་ངན་འཛིན་སྐྱོང་གི་ཐད་ཁར་ལྷོདཔ་ད་ ལས་སྡེ་ཁག་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ཚུ་ཨིནམ་ད་ རྐྱེན་ངན་ཚུ་འཐོན་པའི་སྐབས་ ཚུལ་ལྡན་སྦེ་ལག་ལེན་འཐབ་མི་ མི་སྟོབས་མེད་པའི་དཀའ་ངལ་དང་ གཞི་རྟེན་གྱི་གནས་སྡུད་ཚུ་མེད་པའི་ གདོང་ལེན་ཚུ་ཐོནམ་ཨིན་པས།

ཟིན་བྲིས་དེ་ཡང་ ལས་སྡེ་ཁག་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་བཟོ་ཡོདཔ་ད་ ལས་སྡེ་ཁག་ཚུ་གིས་ རྐྱེན་ངན་ཚུ་འབྱུང་པའི་སྐབས་ ཉེན་སྲུང་གི་ས་ཁོངས་དང་ འཛིན་སྐྱོང་ལེགས་ཤོམ་འབད་ནི་ དེ་ལས་ གཞན་ཡང་ རྒྱལ་ཡོངས་གནས་ཚད་དང་ས་གནས་གཞུང་གི་གནས་ཚད་ནང་ ཉེན་སྲུང་བཀག་ཐབས་དང་ གྲ་སྒྲིག་འབད་དགོ་པའི་སྐོར་ལས་ ལོ་རྒྱུས་ཐོན་ནུག།

ཕོ་མོ་འདྲ་མཉམ་དང་ བཟའ་ཚང་འཆར་གཞི་ དེ་ལས་ ཆེ་རིམ་གནས་ཚད་ནང་ ཤེས་ཡོན་སྦྱང་ནི་དང་ ལཱ་གཡོག་འདྲ་མཉམ་ མི་མང་སྲིད་བྱུས་གྲོས་ཐག་གཅད་ནིའི་ནང་ བཅའ་མར་གཏོགས་མི་ ཉུང་སུ་ཐོན་མི་ཚུའི་སྐོར་ལས་ གནད་དོན་ཐོན་ནུག།

རང་བཞིན་སླར་བྱུང་ཐོན་སྐྱེད་ནང་ ཟས་བཅུད་ཀྱི་ ཉེན་སྲུང་དང་སྲིད་བྱུས་ དེ་ལས་ རང་བཞིན་གནས་སྟངས་གཞུང་སྐྱོང་ཚུ་ནང་ ལོག་བལྟ་དགོཔ་ཡོདཔ་ཨིན་པས།

གནས་སྡུད་ཀྱི་ཐད་ཁར་ སྲིད་བྱུས་གྲོས་ཐག་བཅད་མི་ཚུ་ལུ་ གོ་བརྡ་ཚུ་སྤྲོད་ནི་ཨིནམ་ད་ གནས་སྡུད་བསྡུ་སྒྲིག་འབད་མི་ ཡིག་ཆ་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ཁྲིམས་མཐུན་བཟོ་ནི་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་མདོ་ཆེན་ འཆི་མེད་ཚེ་རིང་གིས་ སླབ་མིའི་ནང་ བཀོད་འཛིན་ཡིག་ཚང་གིས་ ས་གནས་གཞུང་གི་གནས་ཚད་ཚུ་ནང་ལས་ གནས་སྡུད་ཚུ་བསྡུ་སྒྲིག་འབད་ནི་ལུ་ ལཱ་ཚུ་འབད་དོ་ཟེར་ཨིན་པས།

རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ ཀརྨ་ཚེ་རིང་གིས་ གྲོང་གསེབ་གནས་ཚད་ནང་ འཆར་གཞི་ལེ་ཤ་བརྩམས་ཡོད་རུང་ མི་སྟོབས་དགོཔ་ཡོད་ཟེར་བཤད་ཅི།

འཛམ་གླིང་སྤྱི་ཚོགས་ཀྱི་ མཉམ་འབྲེལ་བ་ གི་རཱལཌི་ ད་ལེ་གིས་ སླབ་མིའི་ནང་ ཤུལ་མའི་ཟླཝ་དག་པ་ཅིག་ནང་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཟིན་བྲིས་དེ་ ཐག་གཅད་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་གཞུང་གི་ ཡིག་ཚང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ འབྲུག་རྒྱལ་ཁབ་འདི་ སྒྲིང་སྒྲི་ཐལ་ཡོདཔ་ལས་ ཁོང་གིས་ ཉེན་ཁ་ཡོད་པའི་ས་ཁོངས་ཚུ་ནང་ གྲོགས་རམ་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *