འཛམ་གླིང་ནང་ འབྲུག་གི་ཕུཊ་བཱོལ་གནས་རིམ་༡༩༠ ལུ་མར་བབས།

༉ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ འཛམ་གླིང་ཕུཊ་བཱོལ་ཚོགས་སྡེ་ཕི་ཕ་གིས་ འཛམ་གླིང་རྒྱལ་ཁབ་ཀྱི་ ཕུཊ་བཱོལ་གནས་རིམ་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཡོངས་ རྐང་རྩེད་སྡེ་ཚན་གྱི་ གནས་རིམ་༡༦ དེ་ཅིག་ མར་ཕབ་སོང་ནུག།
རྒྱལ་ཡོངས་རྐང་རྩེད་སྡེ་ཚན་གྱིས་ སྤྱི་ཟླ་༩ པའི་ནང་ སྐུགས་༡༠༡ ཐོབ་སྟེ་ གནས་རིམ་༡༧༤ པ་ནང་ ལྷོད་ཡོད་རུང་ ཟླཝ་འདི་ནང་ ཕུཊ་བཱོལ་གྱི་ གནས་རིམ་༡༩༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འབྲུག་གི་གནས་རིམ་ མར་བབས་སོང་མི་དེ་ཡང་ སྤྱི་ལོ་༢༠༡༩ གི་ ཨེ་ཤི་ཡཱན་ཀབ་རྩེད་འགྲན་ནང་ མཐར་འཁྱོལ་གྱི་དོན་ལུ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ པེ་ལིསི་ཊཱེན་ལུ་ འབྲུག་དང་ པེ་ལིསི་ཊཱེན་སྡེ་ཚན་གྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ འབྲུག་ལུ་ གཱོལ་༡༠ བཙུགས་མི་ལུ་བརྟེན་ཨིན་པས།
ད་རུང་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ལྕང་གླིང་མི་ཐང་ནང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་རུང་ འབྲུག་གི་ཁ་ཐུག་ལས་ གཱོལ་༡ ཡང་བཙུགས་མ་ཚུགས་པས།
དེ་ལས་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ ཐིམ་ཕུག་ལུ་ འབྲུག་གི་སྡེ་ཚན་དང་ ཨོ་མཱན་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ གལ་སྲིད་ རྩེད་འགྲན་དེ་ནང་ལས་ འབྲུག་གི་སྡེ་ཚན་དེ་ ཕམ་སོང་པ་ཅིན་ གནས་རིམ་དེ་ ལྷག་པར་དུ་ མར་འབབ་འགྱོ་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཨོ་མཱན་ལུ་སྦེ་ འབྲུག་གི་སྡེ་ཚན་དང་ ཨོ་མཱན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཨོ་མཱན་སྡེ་ཚན་གྱིས་ འབྲུག་ལུ་ གཱོལ་༡༤ བཙུགས་ནུག།
ཨེ་ཤི་ཡཱན་ རྐང་རྩེད་འགྲན་བསྡུར་ནང་ ཨི་རཱན་སྡེ་ཚན་དེ་ ད་ལྟོའི་བར་ན་ཡང་ དྲག་ཤོས་སྦེ་ར་ ཐོན་ཡོད་པའི་ཁར་ ཨང་༢ པ་དེ་ ཨཱསི་ཊེ་ལི་ཡ་དང་ ཨང་༣ པའི་ གནས་རིམ་ནང་ ཇ་པཱན་རྒྱལ་ཁབ་ ཐོན་ཏེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་སྤྱིའི་གནས་རིམ་ནང་ འབད་བ་ཅིན་ ཇར་མ་ནི་དེ་ གནས་རིམ་དང་པའི་ནང་ ཚུད་དེ་ཡོད་པའི་ཁར་ བཱ་ར་ཟིལ་དང་ པོར་ཊུ་གཱལ་རྒྱལ་ཁབ་ཀྱིས་ ཨང་༢ པ་དང་༣ པའི་ གནས་རིམ་ནང་ ཚུད་དེ་ཡོདཔ་ཨིན་པས།
ཕི་ཕ་ལས་སྡེའི་འོག་ལུ་ རྒྱལ་ཁབ་༢༠༠ ལྷགཔ་ཅིག་ཡོདཔ་ད་ སྤྱི་ཟླ་༨ པའི་ནང་ འབྲུག་གི་གནས་རིམ་ཨང་༡༧༥ པའི་ནང་ ཚུད་ཡོད་མི་ལས་ རིམ་པ་བཞིན་དུ་ མར་བབས་སོང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *