༉ ཁ་ཙ་ གཞུང་གིས་ འཛམ་གླིང་དངུལ་ཁང་ལས་ ས་གཏེར་ལས་ཁུངས་ཀྱི་ གཏེར་ཁ་སྡེ་ཚན་ ལེགས་བསྒྱུར་འབད་ནིའི་དོན་ལུ་ རྒྱབ་སྐྱོར་མ་དངུལ་ ཡུ་ཨེསི་ཌོ་ལར་༣༠༠,༠༠༠ ཐོབ་ནུག།
གྲོགས་རམ་མ་དངུལ་དེ་གིས་ ས་གཏེར་ལས་ཁུངས་ལུ་ གཏེར་ཁ་གོང་འཕེལ་སྲིད་བྱུས་༢༠༡༧ ཅན་མ་ བསྟར་སྤྱོད་འབད་ནི་ལུ་ཡང་ ལྷན་ཐབས་འབད་ནི་ཨིན་པས།
གཏེར་ཁ་འཛིན་སྐྱོང་སྲིད་བྱུས་ ལེགས་བསྒྱུར་ལས་འགུལ་ལུ་ རྒྱབ་སྐྱོར་འབད་མི་དེ་གིས་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་སྒྲིག་གཞི་༢༠༠༢ ཅན་མ་ བསྒྱུར་བཅོས་འབད་ནི་དང་ རྒྱལ་སྤྱི་ནང་ ས་གཏེར་དང་ གཏེར་ཁ་དང་འབྲེལ་བའི་ ལག་ལེན་དང་ ཐབས་བྱུས་ གཏེར་ཁའི་གོང་ཚད་བཟོ་ནི་ཚུ་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།
དེ་མ་ཚད་ གྲོགས་རམ་མ་དངུལ་དེ་གིས་ གཏེར་ཁ་གོང་འཕེལ་སྲིད་བྱུས་ལག་ལེན་སྐོར་ལས་ གོ་བརྡའི་ལས་རིམ་ དེ་ལས་ བརྡ་དོན་ལམ་ལུགས་དང་ ལྟ་རྟོག་ཡར་དྲག་གཏང་ནི་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ ས་གཏེར་དང་ གཏེར་ཁ་སྡེ་ཚན་དེ་ དཔལ་འབྱོར་གྱི་ནོརབུ་༥ ཡོད་མིའི་གྲས་ལས་ གཅིག་ཨིནམ་བཞིན་དུ་ སྡེ་ཚན་དེ་གིས་ ད་ལྟོ་ ནང་འཁོད་ཡོངས་འབོར་ཐོན་སྐྱེད་ལུ་ བརྒྱ་ཆ་༣ ལྷན་ཐབས་འབདཝ་ཨིན་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ གྲོགས་རམ་འདི་ལུ་བརྟེན་ ད་ལྟོ་ སྡེ་ཚན་ལེགས་བསྒྱུར་འབད་བའི་བསྒང་ཡོད་མི་ལུ་ ལྷན་ཐབས་འབད་དེ་ གཏེར་ཁ་སྡེ་ཚན་གོང་འཕེལ་མགྱོགས་དྲགས་གཏང་ནི་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ སླབ་མིའི་ནང་ ལྷན་ཁག་གིས་ གཏེར་ཁ་སྡེ་ཚན་ནང་ ཧེ་མ་གདོང་ལེན་བྱུང་མི་ ལེ་ཤ་ཅིག་ར་ སེལ་ཐོག་ལས་ ལེགས་བསྒྱུར་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ གྲོགས་རམ་ཐོབ་མི་དེ་ དུས་ཐོག་ལུ་ཨིན་མས་ཟེར་ཨིན་པས།
ང་བཅས་ཀྱི་ དམིགས་ཡུལ་དེ་ རྒྱལ་ཁབ་ཀྱི་ ས་གཏེར་ཐོན་ཁུངས་ཚུ་ ཚུལ་ལྡན་སྦེ་ འཛིན་སྐྱོང་འཐབ་སྟེ་ རྒྱལ་ཁབ་དང་ མི་སེར་ལུ་ ག་དེ་དྲག་དྲག་ ཁེ་ཕན་ཡོད་པའི་ ལས་སྡེ་སྒྲིང་སྒྲི་ཅིག་ བཟོ་ཐབས་ལུ་ཨིན་ཟེར་ དྲགོས་ཡེ་ཤེས་དབང་འདུས་ཀྱིས་ བཤད་ཅི།
དངུལ་ཁང་དེ་གིས་ ཧེ་མ་ཡང་ གཏེར་ཁ་གོང་འཕེལ་སྲིད་བྱུས་དང་ ས་གཏེར་འཛིན་སྐྱོང་དཔྱད་ཡིག་ཟིན་བྲིས་འབད་བའི་སྐབས་ལུ་ཡང་ འཕྲུལ་རིག་གི་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འབྲུག་ལུ་ཡོད་མི་ འཛམ་གླིང་དངུལ་ཁང་གི་ གནས་བཞུགས་སྐུ་ཚབ་ ཡོ་ཡེ་ཅི་རོ་ ཨི་ཤི་ཧ་ར་གིས་ སླབ་མིའི་ནང་ དངུལ་ཁང་གི་ཧོངས་ལས་ འཕྲུལ་རིག་གྲོགས་རམ་བྱིན་མི་དེ་གིས་ གཏེར་ཁ་སྡེ་ཚན་ནང་ གཞི་བསྒྱུར་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་ལས་ དེ་གིས་ འབྲེལ་ཡོད་ལས་སྡེ་མང་རབས་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
དེ་གིས་ ཚོང་འབྲེལ་གྱི་གནས་སྟངས་ ཡར་དྲག་གཏང་ཚུགསཔ་མ་ཚད་ སྒེར་སྡེ་དང་ མ་རྩ་བཙུགས་མི་ དེ་ལས་ ས་གཏེར་ལག་ལེན་འཐབ་མི་ཚུ་ ཡར་འཕར་ཐོག་ དཔལ་འབྱོར་ཡར་དྲག་གཏང་ནིའི་ནང་ གྲོགས་རམ་འབད་དེ་ ལཱ་གཡོག་གི་ གོ་སྐབས་ཡང་ བཟོ་ཚུགས་ཟེར་ སྐུ་ཚབ་ཀྱིས་ བཤད་ཅི།
ལྷན་རྒྱས་གཞུང་ཚོགས་ཀྱིས་ གཏེར་ཁ་གོང་འཕེལ་སྲིད་བྱུས་ཟིན་བྲིས་དེ་ ལོ་ངོ་བརྒྱད་ཀྱི་རིང་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ན་ཧིང་ སྤྱི་ཟླ་༥ པའི་ནང་ ཆ་འཇོག་གྲུབ་ཡོདཔ་ད་ དེ་གིས་ གཙུག་སྡེའི་བར་ན་ མཉམ་འབྲེལ་བཟོ་ནིའི་ནང་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འདས་པའི་སྙན་ཞུ་ཚུ་ནང་ གསལ་བཀོད་འབད་མི་ ས་གཏེར་དང་འབྲེལ་བའི་ ངན་ལྷད་དང་ འཛིན་སྐྱོང་ཚུལ་ལྡན་མེད་མི་ དེ་ལས་ གཞུང་སྐྱོང་བྱང་ཉེས་ཡོད་པའི་ གནད་དོན་ཚུ་ ཧེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་- བཀྲིས་བསྟན་འཛིན།