༉ གླིང་མཁར་སྤྱི་འོག་དེ་ ཐང་རོང་རྒེད་འོག་ལས་ ཀི་ལོ་མི་ཊར་༢༠ ལྷགཔ་ཅིག་ལུ་ ཆགས་ཡོདཔ་མ་ཚད་ སྤྱི་འོག་གི་ གཡུས་ཚན་ལ་ལོ་ཅིག་ སོ་ནམ་ཞིང་ལམ་མེདཔ་ལས་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་འགྱོ་དགོཔ་ཨིན་པས།
ང་བཅས་ར་མི་ལུ་ བདེ་སྐྱིད་འབྱུང་དགོ་པ་ཅིན་ འཚོ་བའི་གནས་ཚད་གོང་འཕེལ་གཏང་དགོཔ་དེ་ གལ་གནད་ཅན་ཨིནམ་ད་ དེའི་གྲུབ་འབྲས་འཐོན་ནི་ལུ་ སོ་ནམ་པ་ཚུ་གིས་ བརྩོན་ཤུགས་་བསྐྱེད་དེ་ ལཱ་འབད་དགོཔ་བཞིན་དུ་ གཞུང་གིས་ཡང་ གཞི་རྟེན་མཐུན་རྐྱེན་ཚུ་གི་ རྒྱབ་སྐྱོར་གནང་སྟེ་འདུག།
སྒོམ་ཙང་ད་ཟ་གཡུས་ཚན་ལས་ སྐྱེས་ལོ་༤༦ ལང་མི་ ནོར་བུ་གིས་ སྤྱི་ལོ་༢༠༠༡ ལས་འགོ་བཟུང་ ཕགཔ་གསོ་སྐྱོང་འབད་ཡོདཔ་བཞིན་དུ་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༣༥,༠༠༠ རེ་ བཟོ་ཚུགས་མི་གིས་ བཟའ་ཚང་གསོ་སྐྱོང་འཐབ་ནི་དང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ནི་ལུ་ ཁེ་ཕན་བྱུང་སྟེ་འདུག།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལོ་མཇུག་ཁམས་ལུ་ གླིང་མཁར་སྤྱི་འོག་ཚུན་ སོ་ནམ་ཞིང་ལམ་ ལྷོད་ཡོད་པའི་ཁར་ གཡུས་ཁ་ལུ་ དངུལ་ཐོག་འོང་འབབ་ཀྱི་ ལཱ་འབད་ནིའི་ ས་ཞིང་ལངམ་སྦེ་ཡོད་རུང་ ཆར་ཆུ་མེད་པའི་ གདོང་ལེན་གྱིས་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ཡོད་ཟེར་ཨིན་པས།
སེམས་ཅན་སྲོག་གཅོད་འབད་ནི་དེ་ སྡིག་པ་ཆེ་རུང་ འོང་འབབ་འཐོན་ས་མེདཔ་ལས་ ཤེས་ཡོན་སྦྱང་བརྩོན་ འབད་མི་ཨ་ལོ་ཚུ་ལུ་ ཟད་འགྲོ་གཏང་ནི་དང་ བཟའ་ཚང་འཚོ་སྐྱོང་ དེ་ལས་ རྒེད་འོག་དང་ སྤྱི་འོག་ རང་སོའི་ གཡུས་ཚན་ནང་ ཏི་རུ་བསྡུ་ལེན་ཕྱམ་ཕྱིམ་ བསྡུ་ལེན་འབད་མི་ལ་སོགས་པའི་སྐབས་ ཕགཔ་གི་འོང་འབབ་ལུ་ བརྟེན་ དཀའ་ངལ་སེལ་ཚུགས་པས་ཟེར་ ནོར་བུ་གིས་ སླབ་ཨིན་པས།
ད་རེས་ འཚོ་སྐྱོང་འབད་མི་ཕགཔ་དེ་ མོང་སྒར་གླིང་མི་ཐང་ལུ་ཡོད་པའི་ ཕགཔ་འཛིན་སྐྱོང་ཁང་ལས་ མཁོ་སྒྲུབ་ འབད་ཡོདཔ་ད་ དེ་ཡང་ ཕག་ཅུང་རེ་ལུ་ དངུལ་ཀྲམ་༢༠༠༠ རེ་སྦེ་ ཕག་ཅུང་༢ ཉོ་ཞིནམ་ལས་ གསོ་བའི་ བསྒང་ཡོད་ཟེར་ཨིན་པས།
ནོར་བུ་གིས་ སླབ་མིའི་ནང་ ཟླཝ་༡ ལས་མ་ལང་མི་ ཕག་ཅུང་ཚུ་ མཁོ་སྒྲུབ་འབད་བའི་ཤུལ་ ཟླཝ་༨ དང་༩ ལངམ་ད་ ཉོ་འདོད་ཡོད་མི་ལུ་བཙོངམ་ད་ ཕགཔ་༡ གིས་ འོང་འབབ་དངུལ་ཀྲམ་༣༥,༠༠༠ རེ་ བཟོ་ཚུགས་པས་ཟེར་ཨིན་པས།
གླིང་མཁར་སྤྱི་འོག་ནང་ ཁོ་བརྩིས་ཏེ་ གཡུས་མི་༤ གིས་ རིགས་གསརཔ་འབད་མི་ ཕགཔ་གསོ་སྐྱོང་འབད་དོ་ཡོདཔ་བཞིན་དུ་ ཕག་ཤ་བཙོང་པར་ ས་ཐག་རིངམོ་འགྱོ་མ་དགོ་པར་ གཡུས་ཚན་ནང་ར་ ལང་མི་ཚུགས་པས་ཟེར་ཨིན་པས།
བཟའ་ཚང་ཉམ་ཆུང་ཅིག་ཨིན་མི་ ལས་སྐྱིད་ཡེ་ཤེས་ཀྱིས་ ཕག་ཅུང་༢ གསོ་ནི་འགོ་བཙུགས་མི་དེ་ རྒེད་འོག་ བདག་སྐྱོང་གི་འགོ་འདྲེན་འཐབ་ཐོག་ རྫོང་ཁག་གིས་ ཕགཔ་བཞག་སའི་ཁང་མིག་དང་ ལྕགས་ཤོག་ཚུ་ རིན་མེད་སྟོང་པར་གནང་ཡོདཔ་ལས་ བཟའ་ཚང་གི་དོན་ལུ་ ཕན་ཐོགས་བྱུང་ཡོདཔ་སྦེ་ཨིན་པས།
རྒེད་འོག་སྒོ་ནོར་རྒྱ་སྐྱེད་འགོ་དཔོན་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འཆར་གཞི་༡༡ པའི་འཆར་དངུལ་དང་འཁྲིལ་ རྒེད་འོག་ནང་ ཕགཔ་གསོ་སྐྱོང་སྡེ་ཚན་ཅིག་ གཞི་བཙུགས་འབད་མི་ལུ་ འཐུས་མི་༡༣ ཡོདཔ་ད་ འཐུས་མི་རེ་གིས་ ཕག་ཅུང་༢ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
ཕགཔ་གསོ་ནི་ལུ་ རྒེད་འོག་ནང་སྦེ་ རྒཔོ་དང་ དམངས་མི་ ཚོགས་པ་ དེ་ལས་ བདག་སྐྱོང་འགོ་དཔོན་གྱིས་ མི་སེར་དང་གྲོས་བསྟུན་འབད་བའི་ གྲོས་ཆོད་ལྟར་ བསྟར་སྤྱོད་འབད་ཡོདཔ་ད་ དེ་ཡང་ དང་འདོད་བསྐྱེད་མི་ཚུ་ལུ་ གོ་སྐབས་སྤྲོད་དེ་ཡོད་ཟེར་ཨིན་པས།
འགོ་དཔོན་གྱིས་ སླབ་མིའི་ནང་ ཕགཔ་གསོ་སྐྱོང་སྡེ་ཚན་གྱི་ འཐུས་མི་རེ་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠༠ རེ་ སྡེ་ཚན་གྱི་རྩིས་ཨང་ནང་ བཙུགས་དགོ་མི་དེ་ ཡུན་བརྟན་གནས་ཐབས་ལུ་ ཨིན་ཟེར་ཨིན་པས།
རྒཔོ་བཅོ་ལྔ་གིས་ སླབ་མིའི་ནང་ གཞུང་གིས་ རྒྱབ་སྐྱོར་འབད་མི་དེ་ མི་སེར་ཚུ་གིས་ ངོས་ལེན་འབད་ཡོདཔ་ལས་ མི་སྡེའི་དབུལ་ཕོངས་དཀའ་ངལ་བསལ་ནི་ལུ་ ལྷན་ཐབས་དང་ མ་འོངས་པ་ལུ་ མི་གཞན་གྱིས་ཡང་ ཕགཔ་གསོ་ནི་ལུ་ སྤྲོ་བ་ལེན་ནིའི་གོ་སྐབས་ མཐོངམ་མས་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ མི་སེར་ལྕོགས་གྲུབ་མེད་མི་ གུང་པ་༤ ལུ་ རྫོང་ཁག་སྒོ་ནོར་སྡེ་ཚན་དང་ བདག་སྐྱོང་༢ མཉམ་རུབ་ཀྱི་ཐོག་ ཕག་ཅུང་༢ དང་ ཕག་ཅུང་བཞག་ནིའི་ཁང་མིག་ དེ་ལས་ བཀབ་ནིའི་ལྕགས་ཤོག་ཚུ་ གནང་མི་དེ་ ད་ལྟོ་ ལེགས་ཤོམ་ར་ སྤྱོད་དེ་འདུག་ཟེར་ཨིན་པས།
སྤྱི་འོག་༥ འི་གྲས་ལས་ སྔར་ཕན་སྟངས་སྤྱི་འོག་གི་ མི་སེར་ཚུ་གིས་ ཕགཔ་གསོ་ནི་ལུ་ ངོས་ལེན་འབད་མ་ བཏུབ་མི་དེ་ གཡུས་སྒོའི་བླམ་དང་ མི་སེར་ཚུ་གི་བར་ན་ སེམས་ཅན་སྲོག་གཅོད་རིགས་སྟབས་ གསོ་ནི་མེདཔ་སྦེ་ གྲོས་འཆམ་བྱུང་ཡོདཔ་ཨིན་རུང་ བྱ་གསོ་སྐྱོང་སྡེ་ཚན་ཅིག་ གཞི་བཙུགས་འབད་དེ་འདུག།
མི་སེར་ཚུ་གིས་ ས་ཕག་ཟེར་ དང་ཕུ་གཡུས་སྒོ་ཚུ་ནང་ གསོ་ཡོད་མི་ཕགཔ་གསོ་ནི་ལུ་ མཁོ་འདོད་བཀོད་དོ་ ཡོདཔ་ལས་ འཆར་གཞི་༡༢ པའི་ལོ་ངོ་༡ པའི་ནང་ ས་ཕག་ཚུ་ མཁོ་སྒྲུབ་འབད་ཞིནམ་ད་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་ནིའི་འཆར་གཞི་འདུག།
མ་གཞི་ མི་སེར་ཚུ་གིས་ ཤ་བཟའ་ནི་ལུ་ འཚེར་སྣང་མེད་རུང་ སྲོག་གཅོད་ནི་ལུ་ ཕངས་སེམས་ཡོདཔ་ལས་ གསོ་མ་བཏུབ་པའི་དཀའ་ངལ་དེ་ རྒྱ་ཆེཝ་སྦེ་ཡོད་རུང་ མི་སེར་ཚུ་ དཀའ་སྡུག་ལས་ འགྲོལ་ཚུགས་པའི་ ཁེ་ཕན་བྱུང་ཚུགས་ཏེ་འདུག།
ད་རེས་ གསོ་སྐྱོང་འཐབ་མི་ ཕག་ཅུང་ཚུ་ བཙོང་པའི་སྐབས་ ཚོང་འབྲེལ་གྱི་ས་ཁོངས་སྦེ་ རྒེད་འོག་བདག་སྐྱོང་ ཡིག་ཚང་སྦོ་ལོགས་ཁར་ ཁང་མིག་བཟོ་སྐྲུན་འབད་ཡོདཔ་མ་ཚད་ རྒེད་འོག་ནང་འཁོད་ནང་ ཚོང་འབྲེལ་འཐབ་མ་ ཚུགས་པ་ཅིན་ རྫོང་ཁག་ཁྲོམ་དང་ རྫོང་ཁག་གཞན་ཚུ་ནང་ ཚོང་འབྲེལ་འབད་ནི་ལུ་ རྒེད་འོག་དང་ རྫོང་ཁག་ གིས་ རྒྱབ་སྐྱོར་འབད་ནི་ཨིན་པའི་གནས་ཚུལ།
གླིང་མཁར་ལས་ བཀྲིས་ཕུན་ཚོགས།