༉ འབྲུག་དགའ་སྐྱིད་ཚོགས་པ་ གཞི་བཙུགས་འབད་མི་ ཚོགས་པའི་གཙོ་འཛིན་ ཆོས་སྐུ་འབྲུག་པ་གིས་འབད་བ་ཅིན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་སྲིད་དོན་ཚོགས་པ་དེ་ ལྷན་ཚོགས་ཀྱིས་ ཐོ་བཀོད་འབད་མ་བཏུབ་པའི༌ གནད༌དོན༌ལུ༌བརྟེན༌ཨིན༌པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་དགའ་སྐྱིད་ཚོགས་པ་དེ་ སྲིད་དོན་ཚོགས་པ་སྦེ་ ཐོ་བཀོད་འབད་མ་བཏུབ་བཞིན་དུ་ ལྷན་ཚོགས་ཀྱིས་འབད་བ་ཅིན་ ཐོ་བཀོད་འབད་མ་ཚུགས་མི་དེ་ཡང་ ཚོགས་པའི་འཐུས་མི་ཚུ་གི་ མིང་ཐོ་ཁ་གསལ་མེད་པའི་ཁར་ འདེམས་ཁོངས་༤༧ གྱི་དོན་ལུ་ འདེམས་ངོ་ཚངམ་མེད་མི་ དེ་ལས་ ཚོགས་པའི་ལྟ་བ་ ཧིང་སངས་ས་སྦེ་ མེད༌ནི༌དེ༌གིས༌ཨིན༌ཟེར༌ཨིན༌པས།
ཆོས་སྐུ་འབྲུག་པ་གིས་ སླབ་མིའི་ནང་ ཁོ་གིས་ལྷན་ཚོགས་དེ་ གཟའ་ལྷག་པ་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ བསྐྱལ་ནི་ཨིན་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་དོན་ཚན་༡༨ པའི་ནང་ ལྷན་ཚོགས་ཀྱི་གྲོས་ཆོད་དེ་ རྒྱབ་ལོག་འབད་ཆོག་པའི་ཁྱད་དབང་དང་བསྟུན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་དང་བསྟུན་ འགན་ཁུར་འབག་སྟེ་ ལཱ་འབད་མ་ཚུགས་པའི་ བརྡ་མཚོན་སྟོནམ་ལས་ དེ་གིས་ ལྷན་ཚོགས་ལུ་ ཆ་གནས་མེདཔ་འགྱོ་ནིའི་ གཞི་རྩ་ཨིནམ་མ་ཚད་ སྲིད་དོན་ཚོགས་པ་ ཐོ་བཀོད་ཀྱི་དོན་ལུ་ འདེམས་ཁོངས་༤༧ ག་རའི་ འདེམས་ངོ་ཚངམ་སྦེ་ དགོ་ཡོད་པའི་སྐོར་ལས་ བཅའ་ཁྲིམས་ནང་ མ་མཐོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ ཐོ་བཀོད་འབད་མི་དང་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ སྤྲོ་བ་བསྐྱེད་མི་ལུ་ ཁྱད་པར་ཡོདཔ་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ཨིན་པ་ཅིན་ སྤྲོ་བ་ཡོད་པའི་ཡི་གུ་ སྲིད་དོན་ཚོགས་པའི་ཧོངས་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་བཙུགས་པའི་སྐབས་ འདེམས་ཁོངས་༤༧ ག་རའི་ འདེམས༌ངོ༌ཚང་དགོཔ་ཨིན་རུང་ ཚོགས་པ་ཐོ་བཀོད་ཀྱི་དོན་ལུ་ འདེམས༌ངོ་ག་ར་ ཚང་དགོཔ་མེད་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༦ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ འབྲུག་དགའ་སྐྱིད་ཚོགས་པ་ལུ་ འདེམས་ཁོངས་༤༧ ལས་ ཕྱེད་དེ་ཅིག་གི་ འཐུས་མི་ཡོདཔ་མ་གཏོགས་ ག་ར་མིན་འདུག་ཟེར་ཨིནམ་ད་ ཆོས་སྐུ་འབྲུག་པ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ལམ་ལུགས་དང་བསྟུན་ འགན་ཁུར་འབག་མ་བཏུབ་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ འབྲུག་དགའ་སྐྱིད་ཚོགས་པ་གིས་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུ་ནང་ བཅའ་མར་གཏོགས་ཚུགས་པའི་ འོས་འབབ་ཅིག་ མ་མཐོང་ཟེར་ཨིནམ་ད་ ཨིན་རུང་ ཆོས་སྐུ་འབྲུག་པ་གིས་འབད་བ་ཅིན་ ཚོགས་པ་ཐོ་བཀོད་འགྲུབ་ནིའི་ དཔའ་བཅམ་མི་དེ་ཡང་ དུས་ཅི་གི་ བཙག་འཐུའི་དོན་ལུ་མེན་པར་ མ་འོངས་པའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཚོགས་པ་གིས་ འཐུས་མི་༣༠༨ ཐོ་བཀོད་དེ་ཡོད་རུང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ འཐུས་མི་༢༩ གི་མིང་ཐོ་ཚུ་ བཙག་འཐུའི་ཐོ་དེབ༌ནང༌ མ་ཚུད་པས་ཟེར་ཨིནམ་མ་ཚད་ འདེམས་ཁོངས་༢ ནང་ འཐུས་མི་མིན་འདུག་ཟེར་ཨིན་རུང་ ཆོས་སྐུ་འབྲུག་པ་གིས་འབད་བ་ཅིན་ བཙག་འཐུའི་ཐོ་དེབ་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ འཐུས་མི་དགོ་ཟེར་མི་དེ་ འདེམས་ཁོངས་ག་ར་ལུ་ འདེམས་ངོ་ཚང་དགོཔ་སྦེ་ མེན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་དགའ་སྐྱིད་ཚོགས་པ་དེ་ འདེམས་ངོ་༢ མེད་ནི་དེ་གིས་ ཆ་མེད་བཏང་བཏངམ་ཨིན་པ་ཅིན་ ཧེ་མ་ ཐོ་བཀོད་གྲུབ་མི་ སྲིད་དོན་ཚོགས་པ་ཚུ་ཡང་ ཆ་མེདཔ་གཏང་དགོཔ་འདུ་ཟེར་ཨིནམ་ད་ དེ་ཡང་ ཚོགས་པ་ཚུ་ ཐོ་བཀོད་ཡི་གུ་བཙུགས་པའི་སྐབས་ འདེམས་ངོ་ཚངམ་སྦེ་མེད་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ ཚོགས་པ་ཆ་མེད་བཏང་མི་ རྒྱུ་རྐྱེན་གཞན་ ཚོགས་པའི་འཐུས་མི་ཚུ་ལུ་ འགོ་ཁྲིདཔ་འབད་ཚུགས་པའི་ ཉམས་མྱོང་དང་ ལྕོགས་གྲུབ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ཆོས་སྐུ་འབྲུག་པ་གིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ལུ་ ཚོགས་པའི་འཐུས་མི་ཚུ་ལུ་ ཉམས་མྱོང་དང་ལྕོགས་གྲུབ༌བལྟ༌ནིའི༌ མཁས༌མཆོག༌མེད༌ཟེར༌ཨིན༌པས།
འཐུས༌མི༌ཚུ༌ལུ༌ འགོ༌ཁྲིདཔ༌ གི༌ ལྕོགས༌གྲུབ༌དང༌ འོས༌འབབ༌ དེ༌ མི༌སེར༌ཚུ༌གིས༌ བལྟ༌ནི༌མ༌ གཏོགས༌ ལྷན༌ཚོགས༌ཀྱིས༌ བལྟ༌ ནི༌མེན༌ཟེར༌ཨིནམ༌ད༌ ཚོགས༌པའི༌ ལྟ༌བ་གི་ཐད༌ཁར༌འབད༌རུང༌ ལྷན༌ ཚོགས༌ཀྱིས༌ ལྟ༌བ༌ལེགས༌ཤོམ༌ མིན༌འདུག༌ཟེར༌ མ༌སླབ༌པའི༌ཧེ༌ མར་ བཀའ༌ཁྲིམས༌ ནང༌འཁོད༌མི༌ ཚོགས༌པའི༌ དམིགས༌དོན༌ཚུ༌ ཁ༌གསལ༌སྦེ༌ བལྟ༌དགོཔ༌ཁག༌ ཆེ༌ཟེར༌མི༌དེ༌ཡང་ ལྟ༌བའི༌དམིགས༌ དོན༌ནང༌ག༌ར༌ ཚུད༌མི༌ཚུགས༌ཟེར༌ ཨིན༌པའི༌གནས༌ཚུལ།
བསྟན་འཛིན་རྣམ་རྒྱལ།