སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ འགོ་འབྱེད་འབད་བའི་བསྒང་།

འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ འགོ་འབྱེད་འབད་ཡོདཔ།

༉ མ་གཞི་ རྒྱལ་ཁབ་ནང་ སྒོ་ནོར་གྱི་ཐོན་སྐྱེད་དེ་ སྒེར་གྱི་ཚོང་འབྲེལ་བ་དང་ སོ་ནམ་ཞིང་པ་ཚུ་གིས་ ཤུགས་བཏོན་ཐོག་ལས་ གོང་འཕེལ་གཏང་དགོཔ་ཨིན་རུང་ འབྲུག་ལུ་ གནས་སྟངས་འདི་ ལག་ལེན་འཐབ་ཐབས་ མིན་འདུག་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ནང་སྦེ་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ཚད་ འགོ་འབྱེད་འབད་བའི་སྐབས་ སྒོ་ནོར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་བཀྲིས་བསམ་གྲུབ་ཀྱིས་བཤད་ཅི།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ སྒེར་སྡེའི་ཚོང་པ་དང་ སོ་ནམ་པ་ཚུ་གིས་ སྒོ་ནོར་གྱི་ ཐོན་སྐྱེད་དེ་ལུ་ དང་བླངས་འབད་མ་བཏུབ་མི་དེ་ཡང་ གཙོ་བོ་ར་ རང་ལུགས་དང་ ཆོས་ལུགས་དང་འབྲེལ་བའི་ མནོ་ལུགས་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
འགོ་འབྱེད་སྐབས་ལུ་ སྐུ་མགྲོན་གཙོ་བོ་སྦེ་ སོ་ནམ་དང་ནགས་ཚལ་བློན་པོ་ཡེ་ཤེས་རྡོ་རྗེ་ བྱོན་ཡོདཔ་ད་ ད་ལྟོ་ཚུན་ ལས་ཁུངས་ཀྱི་འོག་ལུ་ གཞི་བཙུགས་འབད་མི་ སྒོ་ནོར་ཐོན་སྐྱེད་ལས་འགུལ་ བསམ་རང་དང་ ཐིམ་ཕུག་ལུ་ཡོད་པའི་ གསར་སྦིས་ཐང་ གསར་སྤང་གི་ རི་གླང་ཐང་ ཐིམ་ཕུག་ བི་ཀུབ་ལས་འགུལ་ཚུ་ ལས་འཛིན་ལུ་ རྩིས་སྤྲོདཔ་ཨིན་ཟེར་གསུངས་པའི་ཁར་ འགྲོས་ཀྱིས་བཏང་ དགོས་མཁོ་དང་འཁྲིལ་ ལས་འགུལ་གཞན་ཡང་ གཞི་བཙུགས་འབད་འོང་ཟེར་གསུངས་ཡི།
བློན་པོ་གིས་ འབད་བ་ཅིན་ གཞུང་གིས་ ལས་འགུལ་དང་པ་དེ་ བསམ་གྲུབ་ལྗོངས་མཁར་ བསམ་རང་ལུ་ སེམས་ཅན་གསོ་སྐྱོང་ཁང་ གཞི་བཙུགས་འབད་བའི་སྐབས་ མི་མང་གིས་ ས་ཁོངས་དེ་ནང་ སེམས་ཅན་དམར་བསད་འབད་ནི་ཨིན་མས་ཟེར་ ཁ་བཏང་བའི་ དཀའ་ངལ་ཡང་ ཐོན་ཡོདཔ་ཨིན་རུང་ ས་ཁོངས་དེ་ནང་ ནོར་སེམས་ཅན་དང་ བྱའི་རིགས་ཚུ་ ཐོན་སྐྱེད་འབད་དེ་ མི་མང་ལུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ རྒྱལ་ཁབ་ནང་ སྒོ་ནོར་ཐོན་སྐྱེད་ཀྱི་ གནས་གོང་དེ་ དངུལ་ཀྲམ་ཐེར་འབུམ་༢.༣ ཨིནམ་ལས་ ལས་འཛིན་གཞི་བཙུགས་འབད་མི་གིས་ ནང་འདྲེན་དེ་ བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ཚུགས་རུང་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིན་པས།
འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་དེ་ རྒྱལ་ཁབ་ནང་ སོ་ནམ་དང་སྒོ་ནོར་ཐོན་སྐྱེད་ གོང་འཕེལ་གྱི་དོན་ལུ་ གཞི་བཙུགས་འབད་བའི་ ལས་འཛིན་༣ པ་ཨིནམ་ད་ དེ་ཡང་ དངུལ་རྩིས་ལྷན་ཁག་དང་ སོ་ནམ་ལྷན་ཁག་༢ མཉམ་རུབ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
གཞན་མི་ལས་འགུལ་༢ པོ་དེ་ཡང་ སོ་ནམ་འཕྲུལ་ཆས་ལས་འཛིན་དང་ འབྲུག་སྔོ་ལྗང་ལས་འཛིན་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *