འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་དང་ འབྲུག་ཟ་ཁང་མཐུན་ཚོགས་ཀྱི་ འགོ་འཛིན་༢ ཀྱི་བར་ན་ ཆིངས་ཡིག་གུ་ མིང་རྟགས་བཀོད་པའི་བསྒང་།

འབྲུག་ལྟ་བཤལ་ལག་ལེན་དང་ འབྲུག་ཟ་ཁང་མཐུན་ཚོགས་༢ ཀྱི་བར་ན་ མཉམ་འབྲེལ་རྩ་བརྟན་བཟོ་ནི།

༉ ཐིམ་ཕུག་ལུ་ འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་དང་ འབྲུག་ཟ་ཁང་མཐུན་ཚོགས་༢ ཀྱི་བར་ན་ མཐུན་འབྲེལ་ ཡར་དྲག་གཏང་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཆིངས་ཡིག་གུ་ མིང་རྟགས་བཀོད་ནུག།
ལྟ་བཤལ་དང་འབྲེལ་བའི་ ལས་སྡེ་གཙོ་ཅན་༢ ཀྱི་བར་ན་ ཆིངས་ཡིག་བཟོ་མི་དེ་གིས་ ལྟ་བཤལ་ལས་སྡེ་ནང་ ཡུན་བརྟན་གྱི་དོན་ལུ་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ ཁ་སླབ་ཐོག་ལས་ གཙུག་སྡེ་དང་ ཚོང་འབྲེལ་མཐུན་ལམ་ གོང་འཕེལ་གྱི་དོན་ལུ་ གལ་གནད་ཅན་ཅིག་ཨིན་པའི་ བརྡ་མཚོན་སྟོནམ་ཨིན་པས།
འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་ཀྱི་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལས་སྡེའི་ནང་ སྒེར་སྡེ་ཁག་ཚུ་ མ་བརྩིས་བར་ ལས་སྡེ་ཁག་མང་ཤོས་ཅིག་གིས་ འབྲེལ་གཏོགས་འབད་དོ་ཡོདཔ་ལས་ དེ་བཟུམ་མའི་ གན་རྒྱ་བཟོ་མི་དེ་གིས་ ལས་སྡེ་ཚུ་གི་བར་ན་ གཅིག་མཐུན་སོང་སྟེ་ ལས་སྡེ་༢ ཀྱི་ འཐུས་མི་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ལུ་ཡང་ ཕན་ཐོགས་སྦོམ་ འབྱུང་འོང་ཟེར་ཨིན་པས།
བསོད་ནམ་རྡོ་རྗེ་གིས་འབད་བ་ཅིན་ དེ་གི་ ཁེ་ཕན་སྦོམ་ཤོས་ཅིག་ར་ འབྲེལ་བ་འཐབ་ཚུགས་ནི་དང་ བརྡ་དོན་སྤྲོད་ཚུགས་ནི་ཨིནམ་བཞིན་དུ་ དེ་བཟུམ་མའི་ ལམ་སྟོན་དང་ གན་རྒྱ་མེད་པ་ཅིན་ མཐུན་ཚོགས་ཀྱིས་ གནད་དོན་ཚུ་ མི་རེ་རེ་བཞིན་དུ་སྦེ་ བསྟར་སྤྱོད་འབད་དགོཔ་ འཐོན་འོང་ཟེར་ཨིན་པས།
ཆིངས་ཡིག་གུ་ མིང་རྟགས་བཀོད་ཚར་བའི་ཤུལ་ལས་ ལས་སྡེ་༢ ཀྱི་ ལག་ལེན་དང་འབྲེལ་བའི་ གནད་དོན་ཚུ་ གྲོས་བསྟུན་འབད་ནིའི་དོན་ལུ་ ལས་སྡེ་༢ ཆ་ར་ནང་ལས་ འཐུས་མི་བཙུགས་ཐོག་ལས་ མཉམ་འབྲེལ་ཚོགས་ཆུང་ གཞི་བཙུགས་འབད་ནི་ཨིན་པས།
འབྲུག་ཟ་ཁང་མཐུན་ཚོགས་ཀྱི་ཁྲི་འཛིན་ འཕྲིན་ལས་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལས་སྡེ་དེ་ ལས་སྡེ་ཁག་ཆེ་ཤོས་ཨིན་པའི་ཁར་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ ལེགས་ཤོམ་སོང་ཡོད་རུང་ དེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ སེལ་དགོ་པའི་ གནད་དོན་ཚུ་ཡང་ ལེ་ཤ་ཐོནམ་མས་ཟེར་ཨིན་པས།
འབྲུག་ལྟ་བཤལ་ལག་ལེན་མཐུན་ཚོགས་ལུ་ འཐུས་མི་༧༠༠ དེ་ཅིག་ཡོདཔ་ད་ རྒྱལ་ཁབ་ནང་ ལྟ་བཤལ་ལག་ལེན་པ་༢,༠༠༠ ལྷགཔ་ཅིག་ཡོད་རུང་༦༠༠ རྐྱངམ་གཅིག་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ལྟ་བཤལ་ལག་ལེན་པ་ཚུ་གི་གྲས་ལས་ བརྒྱ་ཆ་༩༩ དེ་ཅིག་ འབྲུག་ལྟ་བཤལ་མཐུན་ཚོགས་ཀྱི་ འཐུས་མི་ཨིན་ཟེར་ཨིན་པས།
འབྲུག་ཟ་ཁང་མཐུན་ཚོགས་ནང་ འཐུས་མི་༡༢༠ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *