༉ འཕྲལ་ཁམས་ཅིག་ཁར་ སྒེར་སྡེའི་མི་ངོམ་ཅིག་གིས་ འབྲུག་ལྕོགས་གྲུབ་སྤྱི་ཚོགས་ལུ་ དངུལ་ཀྲམ་ཡོངས་བསྡོམས་༢༢༦,༦༦༨ ཞལ་འདེབས་བྱིན་མི་དེ་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
མ་དངུལ་དེ་ཡང་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ ངོམ་ཀརྨ་དབང་ཕྱུག་གིས་ ནུབ་ཨཱསི་ཊེ་ལི་ཡའི་རྒྱལ་ས་ པཱརཐི་ལུ་སྡོད་མི་ འབྲུག་པའི་མི་སྡེ་གིས་ རྒྱབ་སྐྱོར་ཐོག་ལས་ མ་དངུལ་བསྡུ་སྒྲིག་གི་ ལས་རིམ་ཐོག་ བསྡུ་ལེན་འབད་མི་ ཞལ་འདེབས་མ་དངུལ་དེ་ འབྲུག་ལྕོགས་གྲུབ་སྤྱི་ཚོགས་ཀྱི་ ཁྲི་འཛིན་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་བགྲེསཔ་ དྲགོས་ཀུན་བཟང་དབང་འདུས་ལུ་ ཕུལ་ཡོདཔ་ཨིན་པས།
བརྡ་དོན་དེ་ གདོང་དེབ་ཕེསི་བུག་ནང་ཡང་ བཙུགས་ཡོདཔ་བཞིན་དུ་ འབྲུག་མི་༡༠༠ ལྷགཔ་ཅིག་གིས་ བྱང་སེམས་ཅན་གྱི་ བཟང་སྤྱོད་ཀྱི་ལས་སྣ་ འགོ་འདྲེན་འཐབ་པའི་ བཀྲིན་ལེགས་སོ་ཚུ་ བཀོད་ཡོདཔ་ཨིན་པས།
བརྡ་བརྒྱུད་ཀྱིས་ ཀརྨ་དབང་ཕྱུག་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་རུང་ ཁོ་གིས་ མི་སྡེ་བརྡ་བརྒྱུད་ནང་ བསམ་ལན་བརྗེ་སོར་འབད་མི་དང་འཁྲིལཝ་ད་ འདི་བཟུམ་གྱི་ གྲུབ་འབྲས་ལེགས་ཐོན་བྱུང་མི་དེ་ ཁོ་ར་རྐྱངམ་གཅིག་གི་ ལྕོགས་གྲུབ་ལུ་བརྟེན་མེན་པར་ ཁོ་དང་གཅིག་ཁར་ དེ་ནང་འབྲེལ་གཏོགས་འབད་མི་ སྡེ་ཚན་གྱི་ཆ་རོགས་༡༦ གིས་ འགོ་འདྲེན་འཐབ་ཐོག་ལས་ པཱརཐི་ལུ་སྡོད་མི་ འབྲུག་མི་ཚུ་གི་ བཀྲིན་ལུ་བརྟེན་ཨིན་ཟེར་ཨིན་པས།
འབྲུག་ལྕོགས་གྲུབ་སྤྱི་ཚོགས་དེ་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༡༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ རྐྱབ་སྐྱོར་འབད་མིའི་ ཞི་བའི་མི་སྡེ་ལས་ཚོགས་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ན་གཞོན་དབང་པོ་ལུ་ ཐོ་ཕོག་མི་ཚུ་ བཀག་ཐབས་དང་ སྔོན་འགོག་གི་ལས་རིམ་ དེ་ལས་ ཨ་ལོའི་ཕམ་ཚུ་དང་གཅིག་ཁར་ ཟླ་རིམ་བཞིན་དུ་ ཕྱད་བཅུག་སྟེ་ རང་སོའི་བསམ་འཆར་དང་ མཐར་འཁྱོལ་ཅན་གྱི་ གནས་ཚུལ་ཚུ་ བརྗེ་སོར་འབད་ནི་ རྒྱལ་ཁབ་ཕྱི་ནང་༢ ཆ་ར་ལས་ མཁས་མཆོག་ཚུ་ འབོ་ཞིནམ་ལས་ གནད་དོན་དེ་གི་ཐོག་ལུ་ ཁ་བཀོད་བསླབ་བྱ་གི་ལས་རིམ་ གོ་བ་བརྡ་སྤྲོད་ དེ་ལས་ གནམ་བྱཱར་ངལ་གསོ་སྐབས་ ཨ་ལོ་དབང་པོ་སྐྱོན་ཅན་ཚུ་ ལོ་བསྟར་བཞིན་དུ་ གཅིག་ཁར་ཕྱད་དེ་ ཆ་རོགས་བཟོ་ནི་ སེམས་ཅན་གླིང་ཁ་དང་ ཨ་ལོའི་གླིང་ག་ ལྷ་ཁང་ རིག་རྩལ་སློབ་གྲྭ་ དེ་ལས་ སྙན་ཆའི་སློབ་གྲྭ་ཚུ་ནང་ཁྱིད་དེ་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ལུ་ མཐོང་ཐོས་འབྱུང་བཅུག་ནི་གི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱིས་ ཕྱི་ཁ་ལས་གྲོགས་རམ་བྱིན་མི་ ཨམ་ཇིན་ཧོ་གིས་ མ་དངུལ་ཞལ་འདེབས་ཐོག་ལས་ དབང་པོ་སྐྱོན་ཅན་གྱི་ ཨ་ལོ་ཚུ་ རྩེདམོ་གི་ཐོག་ལས་ ཤེས་ཡོན་སྦྱང་ནིའི་དོན་ལུ་ རྩེདམོ་གི་དཔེ་མཛོད་ཁང་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ མ་དངུལ་བསྡུ་ལེན་འབད་ཐོག་ལས་ ལྕོགས་གྲུབ་ཡར་འཕེལ་གྱི་ལས་སྣ་ འགོ་འདྲེན་འཐབ་སྟེ་ ད་ཚུན་ དབང་པོ་སྐྱོན་ཅན་གྱི་ སློབ་སྟོན་པ་༡༠ དང་ སེམས་ནད་ཅན་གྱི་ སློབ་ཕྲུག་བདག་འཛིན་པ་༣༠ དེ་ལས་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་བདག་འཛིན་པ་༣༠ ཨ་ལོ་ཉེན་སྲུང་གི་ སློབ་སྟོན་པ་༤༠ ལུ་ སྦྱོང་བརྡར་ཚུ་ བྱིན་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།