༉ ཁ་ཙ་ལས་ ཐིམ་ཕུག་ལུ་ འབྲུག་གཞུང་གིས་ ཉིན་གྲངས་༣ འབད་མི་ རྫས་སྦྱོར་མཚོན་ཆ་མཐུན་གྲོས་ཀྱི་ རྒྱལ་ཡོངས་དབང་འཛིན་གྱི་ ལུང་ཕྱོགས་ཞལ་འཛོམས་ཐེངས་༡༦ པ་ འགོ་བཙུགས་མི་དེ་ནང་ རྡུལ་ཕྲན་མཚོན་ཆའམ་ བཀག་འཛིན་ཅན་གྱི་ རྫས་མཚོན་ལས་ཚོགས་འཕྲུལ་རིག་ཡིག་ཚང་ (ཨོ་པི་སི་ཌབ་ལུ)ལས་ འགོ་དཔོན་གསུམ་བརྩིས་ཏེ་ ཨེ་ཤི་ཡ་རྒྱལ་ཁབ་༢༡ ལས་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་པའི་བསྒང་འདུག།
འབྲུག་ལས་ རྫས་མཚོན་མཐུན་གྲོས་ཀྱི་དོན་ལུ་ ལས་བྱེད་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་དོ་ཡོདཔ་ད་ གཞུང་གི་ཁ་ཐུག་ལས་ རྒྱལ་ཡོངས་དབང་འཛིན་ཨིན་མི་ ཕྱི་འབྲེལ་ལྷན་ཁག་གིས་ ཨོ་པི་སི་ཌབ་ལུ་དང་ མཉམ་འབྲེལ་ཐོག་ འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ ཨེ་ཤི་ཡའི་ ལུང་ཕྱོགས་ནང་ རྒྱལ་ཡོངས་དབང་འཛིན་ཚུ་གི་དོན་ལས་ མཐུན་གྲོས་ལག་ལེན་གྱི་དོན་ལུ་ གྲོས་བསྡུར་དང་ ཉམས་མྱོང་བརྗེ་སོར་འབད་ནིའི་ གྲོས་གནས་གཙོ་ཅན་ཅིག་ཨིན་པས།
ཞལ་འཛོམས་ནང་ གནད་དོན་གཙོ་བོ་ར་ རྫས་སྦྱོར་དང་འབྲེལ་བའི་ ཚོང་འབྲེལ་འཐབ་ནི་དང་ རྫས་སྦྱོར་ཚུ་ ཕར་ཚུར་སྐྱེལ་འདྲེན་འབདཝ་ད་ མཐུན་གྲོས་དང་འཁྲིལ་ བྱ་སྒོ་འཐབ་ནིའི་ནང་ ཅ་དམ་ཚུ་གི་ འགན་ཁུར་སྐོར་ གྲོས་བསྡུར་འབད་ནི་ཨིན་པས།
ད་རུང་ ཉིན་གྲངས་༣ གྱི་ ཞལ་འཛོམས་སྐབས་ མཐུན་གྲོས་དང་འཁྲིལ་ འཐུས་མི་རྒྱལ་ཁབ་ཚུ་གི་ འགན་འཁྲི་འགྲུབ་ཐབས་ལུ་ ཕན་ཚུན་གཅིག་གིས་གཅིག་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་ དེ་ལས་ ལག་ལེན་དང་འབྲེལ་བའི་ གནད་དོན་དང་ གདོང་ལེན་དེ་ལས་ གོ་སྐབས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༨ ལུ་ འབྲུག་གི་རྒྱལ་ཡོངས་དབང་འཛིན་དང་ ཨོ་པི་སི་ཌབ་ལུ་གི་ འགོ་དཔོན་ཚུ་གི་བར་ན་ ཟུང་ཕྱོགས་མཉམ་འབྲེལ་ཞལ་འཛོམས་ཅིག་འཚོགསཔ་ད་ འབྲུག་ལུ་ གདོང་ལེན་བྱུང་མི་ རྒྱལ་ཡོངས་ལག་ལེན་གནད་དོན་ཚུ་གི་སྐོར་ གསུང་གྲོས་གནང་ནུག།
འབྲུག་གིས་ སྤྱི་ལོ་༡༩༩༧ ཟླ་༤ པའི་ཚེས་༢༤ ལུ་ རྫས་མཚོན་མཐུན་གྲོས་གུ་ མཚན་རྟགས་བཀོད་དེ་ སྤྱི་ལོ་༢༠༠༥ ཟླ་༨ པའི་ཚེས་༡༨ ལུ་ རྒྱབ་སྣོན་ཆ་འཇོག་འབད་ཡོདཔ་བཞིན་དུ་ ལོ་དེ་གི་སྤྱི་ཟླ་༩ པའི་ཚེས་༡༧ ལུ་ མཐུན་གྲོས་ལག་ལེན་འཐབ་ནི་ འགོ་བཙུགས་ནུག།
རྫས་སྦྱོར་མཚོན་ཆ་གོང་འཕེལ་དང་ ཐོན་སྐྱེད་ གསོག་འཇོག་ དེ་ལས་ ལག་ལེན་འཐབ་ནི་ཚུ་ བཀག་འཛིན་དང་ མེདཔ་གཏང་ནིའི་ རྫས་མཚོན་མཐུན་གྲོས་དེ་ གོ་མཚོན་བཀག་འཛིན་ཆིངས་ཅིག་ཨིནམ་ད་ མཐུན་གྲོས་དེ་ རྒྱལ་སྤྱི་གནས་རིམ་ནང་ སྤྱི་ལོ་༡༩༩༧ ཟླ་༤ པའི་ཚེས་༢༩ ལུ་ ཆིངས་ཡིག་བཀོད་ཐོག་ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མཐུན་གྲོས་དེ་ ནེ་དར་ལེནསི་གི་ཁྲོམ་སྡེ་ ཧེག་ལུ་ཡོད་མི་ ཨོ་པི་སི་ཌབ་ལུ་ལས་ཚོགས་ཀྱིས་ བསྟར་སྤྱོད་འབད་ཡོདཔ་ད་ ཨོ་པི་སི་ཌབ་ལུ་དེ་ འཛམ་གླིང་སྤྱི་ཚོགས་དང་གཅིག་ཁར་ མཐུན་འབྲེལ་ཐོག་ ལཱ་འབད་མི་ རྒྱལ་སྤྱི་ལས་ཚོགས་ རང་དབང་ཅན་ཅིག་ཨིན་པའི་གནས་ཚུལ།

སྤྱི་ཟླ་༦ པའི་ཚེས་༡༨ ལུ་ ཟུང་ཕྱོགས་ཞལ་འཛོམས་འཚོགས་པའི་སྐབས་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ འབྲུག་གི་འཐུས་མི་ དེ་ལས་ ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་༢༡ གི་ འཐུས་མི་ཚུ།