༉ གཏན་མཛོད་གལ་ཆེ་ཧིང་གི་སྐོར་ལས་ གོ་བརྡ་སྤེལ་ནི་དང་ རང་ལུགས་ཀྱི་ལམ་སྲོལ་ ཉམས་སྲུང་འབད་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་སྤྱི་གཏན་མཛོད་ཀྱི་ཉིནམ་ བརྩི་སྲུང་འབད་ཡི།
ཉིནམ་བརྩི་སྲུང་དང་འབྲེལ་ སུའི་ཛར་ལེན་ལས་འབག་འོང་མི་ ཀོ་ཧ་ཡོངས་འབྲེལ་ཁ་བྱང་ཐོག་ རྫོང་ཁ་དང་ ཨིང་སྐད་༢ ཆ་རའི་ཐོག་ལས་ གཏན་མཛོད་འབད་མི་དེ་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ འགོ་འབྱེད་གནང་ཡི།
གཏན་མཛོད་ཀྱི་ ལམ་ལུགས་དེ་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༧ ལས་ འགོ་བཙུགས་ཡོད་རུང་ རྫོང་ཁའི་ཡི་གུ་ཚུ་ ཡོངས་འབྲེལ་ཐོག་ལུ་ ཕབ་ལེན་འབད་མ་ཚུགས་མི་ལུ་བརྟེན་ ཀོ་ཧ་གློག་རིག་མཉེན་ཆས་ཐོག་ རྫོང་ཁའི་ཡིག་འབྲེལ་གྱི་ ཡིག་ཆས་ཚུ་ གཏན་མཛོད་འབད་ནི་དེ་ འགོ་དང་པ་ཨིན་པས།
ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ བཤད་མིའི་ནང་ ད་ཚུན་ འབྲུག་ལུ་ རྒྱལ་ཁབ་ཀྱི་ བརྡ་དོན་མང་ཤོས་ཅིག་ ཡིག་ཐོག་ལུ་ཕབ་སྟེ་ གཏན་མཛོད་འབད་དེ་ མེད་མི་ལུ་བརྟེན་ ལོག་དྲན་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ ལམ་ལུགས་དེ་གིས་ མ་འོངས་པའི་དོན་ལུ་ ཕན་ཐོགས་འབྱུང་ནི་གི་ འོས་འབབ་འདུག་ཟེར་ཨིན་པས།
མ་གཞི་ རྒྱལ་སྤྱི་གཏན་མཛོད་ཀྱི་ཉིནམ་འདི་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༩ ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ ལམ་སྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དུས་ཅི་ ཉིནམ་དེ་ ཕྱིས་སུ་སྦེ་ བརྩི་སྲུང་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
གཏན་མཛོད་མཁན་གཙོ་འཛིན་ ཀུན་བཟང་བདེ་ལེགས་ཀྱིས་ གཏན་མཛོད་འབད་དགོ་མི་དེ་ཡང་ རང་ལུགས་ཀྱི་ ཆོས་ལུགས་དང་ ལམ་སྲོལ་བདག་འཛིན་འབད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ བཤད་ཅི།
གཏན་མཛོད་ཀྱི་གྲངས་སུ་ ལྷ་ཁང་དགོན་སྡེ་དང་ རིས་མོ་ བཟོ་རིག་བཅུ་གསུམ་ ཞབས་ཁྲ་ སྐུ་རྟེན་གསུང་རྟེན་ དང་ སྒྲིག་ལམ་རྣམ་གཞག་ལ་སོགས་པ་ཚུ་ ཚུད་དོ་ཡོདཔ་ཨིན་པས།
འབྲུག་གིས་ རྒྱལ་སྤྱི་གཏན་མཛོད་ཀྱི་ཉིནམ་དེ་ སྤྱི་ལོ་༢༠༡༦ ལས་ བརྩི་སྲུང་འབད་ཡོདཔ་ད་ གཏན་མཛོད་འབད་དགོ་མི་དེ་ཡང་ གནས་སྡུད་དང་ བརྡ་དོན་ཚུ་བྱིན་ཏེ་ གཞུང་སྐྱོང་ལེགས་ལྡན་གྱི་དོན་ལུ་ ཕན་ཐོགས་འབྱུང་ཐབས་ལུ་དམིགས་ཏེ་དང་ རྒྱལ་ཡོངས་དཔེ་མཛོད་ཁང་ སྤྱི་ལོ་༡༩༦༧ ལུ་ གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་ཟེར་ ཀུན་བཟང་བདེ་ལེགས་ཀྱིས་ བཤདཔ་ཨིན་པས།
ཉིནམ་བརྩི་སྲུང་ནང་ ཡིག་ཆས་༣༠ དེ་ཅིག་ འགྲེམས་སྟོན་འབད་མི་ཚུ་གི་གྲས་ལས་ དུས་རབས་༡༣ པའི་ གསེར་བྲིས་གླེགས་བམ་དང་ སྤྱི་ལོ་༡༩༦༥ འི་ ཞབས་དྲུང་གི་བཀའ་ཤོག་དང་ གོང་སར་འཇིགས་མེད་རྣམ་རྒྱལ་གྱི་ བཀའ་ཤོག་ཚུ་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།