འབྲུག་ལུ་ གསོ་བའི་ཁྱད་རིག་དང་ མཐུན་རྐྱེན་ཡར་དྲག་འགྱོ་བའི་རྟགས་མཚན།

༉ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡ ལས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་གཞི་ཀེན་སར་ཐོབ་ཡོད་མི་༡༨ རེ་ཌིའོ་ཐེ་ར་པི་ཟེར་ འོད་རླབས་ཀྱི་ཐོག་ལས་ སྨན་བཅོས་འབད་ནི་ འགོ་བཙུགས་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།
དེ་ཡང་ ཀེན་སར་ཐོབ་མི་ནདཔ་ཚུ་ སྨན་བཅོས་འབད་བར་ རྒྱ་གར་གྱི་ རྒྱལ་ཁབ་ནང་ གཏང་མ་དགོཔ་ལས་ རྒྱལ་ཁམས་ལུ་ ཟད་འགྲོའི་ཁེ་ཕན་ཡོད་པའི་ཁར་ གཉིས་པ་འབདཝ་ད་ ལམ་འགྲུལ་འབད་མ་དགོ་པར་ རྒྱལ་ཁབ་ནང་ར་ སྨན་བཅོས་འབད་ཚུགས་ནི་དེ་གིས་ ཀེན་སར་ནདཔ་ཚུ་ལུ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནུག།
ད་ལྟོ་ གཙོ་བསྟེན་སྨན་ཁང་ནང་ འོད་རླབས་ཀྱི་ སྨན་བཅོས་ཞབས་ཏོག་ལེན་མི་ ནདཔ་ཚུ་གི་གྲས་ལས་ མང་ཤོས་ར་ ཨ་བུ་གི་དོང་ནང་ ཀེན་སར་ཐོབ་མི་ནདཔ་ཚུ་ཨིན་མས།
ད་ཚུན་གྱི་བར་ན་ ཀེན་སར་ཐོབ་མི་ ནདཔ་མང་ཤོས་ར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཤག་བཅོས་ཚུ་ འབད་ཞིནམ་ལས་ འོད་རླབས་ཐོག་གི་ སྨན་བཅོས་དང་ རྫས་སྦྱོར་སྨན་བཅོས་འབད་བར་ ཕྱི་རྒྱལ་ལུ་ བཏང་ཡོདཔ་ད་ རྒྱལ་ཁབ་ཕྱི་ཁ་ལུ་བཏང་མི་ ནདཔ་ཚུ་ཡང་ མང་ཤོས་ར་ གྲོང་གསེབ་མི་སེར་ཚུ་ཨིནམ་ལས་ ཕྱི་རྒྱལ་ལུ་ལྷོདཔ་ད་ སྤྱགས་སྡུག་འཐབ་སྟེ་ ཧེང་སྐལ་ར་ ན་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་མས།
ད་རུང་ རྒྱ་གར་རྒྱལ་ཁབ་ནང་ སྨན་བཅོས་ཀྱི་དོན་ལས་བཏངམ་ད་ ནདཔ་དང་གཅིག་ཁར་ ནད་གཡོགཔ་ཅིག་ གཏང་དགོཔ་མ་ཚད་ ཕར་ལྷོདཔ་ད་ སྡོད་སའི་ཁྱིམ་མ་ཐོབ་པའི་ དཀའ་ངལ་དང་ ཌོག་ཊར་དང་ ཕྱད་མ་ཚུགས་པའི་དཀའ་ངལ་ དེ་ལས་ ནདཔ་དང་ ནད་གཡོགཔ་ བྱང་སྟོར་ཤོར་ནི་གི་ ཉེན་ཁ་ཡོད་མི་དེ་ ད་ལས་ཕར་ ཚ་གྱང་ལང་དགོཔ་ མི་འཐོན་ནི་ཨིན་མས།
རྒྱལ་ཁམས་ཀྱིས་ རྒྱལ་ཁབ་ཀྱི་ཕྱི་ཁར་ ལོ་བསྟར་བཞིན་དུ་ ནདཔ་༡,༢༠༠ དེ་རེ་ སྨན་བཅོས་འབད་བར་ བཏང་སྲོལ་ཡོད་མི་ལས་ནདཔ་༤༠༠ ལྷགཔ་ཅིག་ ཀེན་སར་ཐོབ་མི་ནདཔ་ཚུ་ཨིན་མས།
རྩིས་ལོ་༢༠༡༥ དང་༢༠༡༦ ལུ་ ཀེན་སར་གྱི་ནདཔ་༤༩༩ རྒྱལ་ཁབ་ཀྱི་ཕྱི་ཁར་ སྨན་བཅོས་འབད་བར་ བཏང་ཡོདཔ་ད་ རྩིས་ལོ་༢༠༡༦-༡༧ ལུ་ ནདཔ་༡,༦༠༠ བཏང་ཡོད་མིའི་གྲས་ལས་༥༥༥ ཀེན་སར་ཐོབ་མི་ཚུ་ཨིན་མས།
རྒྱལ་ཁམས་ཀྱིས་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་བཏང་པའི་ ཟད་འགྲོ་ཚུ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༤ དང་༢༠༡༥ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨༤.༦ དེ་ཅིག་ གནས་ཡོདཔ་མ་ཚད་ རྩིས་ལོ་༢༠༡༦ དང་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་ རྒྱལ་ཁམས་ལུ་ སྐུ་གྱོང་ཕོག་ནུག།
ད་རེས་ ཐིམ་ཕུག་ལུ་ ཀེན་སར་གྱི་ སྨན་བཅོས་ཞབས་ཏོག་ འགོ་བཙུགས་མི་དེ་གིས་ རྒྱལ་ཁམས་ཀྱི་ ཟད་འགྲོ་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་དང་ ནདཔ་དང་ ནད་གཡོག་རྒྱུག་མི་ལུ་ སྟབས་བདེ་ཏོག་ཏོ་འབྱུང་ནི་ཨིན་མས།
འོད་རླབས་ཐོག་ལས་ ཀེད་སར་ནདཔ་ཚུ་ལུ་ སྨན་བཅོས་འབད་ཚུགས་མིའི་ གནད་དོན་གཞན་དེ་ འདས་པའི་ལོ་ངོ་དག་པ་ཅིག་གི་ཧེ་མར་ རྒྱལ་ས་ལྟེ་བ་ལུ་ གཞི་བཙུགས་འབད་མི་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་ གསོ་རིག་གི་ སྦྱོང་བརྡར་བྱིན་མི་དང་ ཕྱི་རྒྱལ་ལས་ དྲུང་འཚོའི་སློབ་སྦྱོང་མཐར་འཁྱོལ་ཏེ་འོང་མིའི་ གྱངས་ཁ་ཡང་ ལོ་བལྟར་བཞིན་དུ་ ཡར་འཕར་འགྱོ་མི་དེ་གིས་ཡང་ སྨན་བཅོས་དང་འབྲེལ་བའི་ མི་སྟོབས་ལུ་ ལྷན་ཐབས་སྦོམ་ བྱུང་མི་ལུ་བརྟེན་ཨིན་མས།
འདི་བཟུམ་སྦེ་ མགུ་རྙོགས་ཅན་གྱི་གཤག་བཅོས་ དཔེར་ན་ མཁལ་རྡོག་དང་ མཆིནམ་ཚབ་བཙུགས་ནི་ལ་སོགས་པའི་ སྨན་འཕྲུལ་ཆས་དང་ མཁས་མཆོག་ཚུ་ཡང་ གྲ་སྒྲིག་འབད་དེ་ ཕྱི་རྒྱལ་ལུ་ གཏང་མ་དགོ་པར་ ང་བཅས་རའི་ རྒྱལ་ཁབ་ནང་ར་ གཤག་བཅོས་འབད་ཚུགསཔ་ བཟོ་ནི་གི་ འོས་འབབ་ཚུ་ བལྟ་ནི་དེ་ཡང་ དུས་ཚོད་རན་ནུག་ཟེར་ ཞུ་ནི་ཨིན།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *