འབྲུག་ལུ་ ཀར་དང་གུ་རམ་ ཕྱིར་ཚོང་དོན་ལུ་ དམིགས་བསལ་ཡངས་ཆག།

༉ རྒྱ་གར་གཞུང་གིས་ འབྲུག་ལུ་ ཀར་དང་གུ་རམ་ ཕྱིར་ཚོང་གྱི་དོན་ལུ་ དམིགས་བསལ་གྱི་ ཡངས་ཆག་བྱིན་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ཐིམ་ཕུག་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ ཕྱི་འབྲེåལ་ལྷན་ཁག་ལུ་ ཡི་གུ་ཅིག་བྲིས་ཡོདཔ་ལས་ རྒྱ་གར་གྱི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འབྲུག་དང་གཅིག་གར་ མཛའ་བཤེས་མཐུན་ལམ་ལུ་བརྟེན་ གཞུང་ལས་གཞུང་ལུ་ ཞུ་བ་ཕུལ་མི་དང་འཁྲིལ་ འབྲུག་གི་དོན་ལུ་ ཀར་མེ་ཊིག་ཊཱོན་༥,༠༠༠ ཕྱིར་ཚོང་འཐབ་ནིའི་ དམིགས་བསལ་གྱི་ གནང་བ་བྱིན་ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༡ ལུ་ གཞུང་གིས་ རྒྱ་གར་ལས་ ཀར་དང་གུ་རམ་ ནང་འདྲེན་འཐབ་ཆོག་པའི་ གནང་བ་བྱིན་དགོཔ་སྦེ་ རྒྱ་གར་གཞུང་ལུ་ ཞུ་བ་འབད་ཡོདཔ་ཨིན་པས།

ཚོང་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ཚུ་ རྒྱལ་ཁབ་ནང་ དགོས་མཁོ་ཡོད་མི་དང་འཁྲིལ་ ནང་འདྲེན་འབད་འོང་ཟེར་ཨིནམ་ད་ འདས་པའི་ལོ་༣ ནང་ ལོ་བསྟར་བཞིན་དུ་ དཔྱ་སྙོམས་ལུ་ འབྲུག་གིས་ ཀར་མེ་ཊི་ཊཱོན་༥,༠༠༠ དེ་ཅིག་ ནང་འདྲེན་འབད་ཡོདཔ་ད་ ཀར་དེ་ ནང་འདྲེན་གྱི་ཐོ་བཀོད་ནང་ གཙོ་རིམ་དེ་ཅིག་ མེད་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ དཔྱ་སྙོམས་ལུ་ བཟའ་སྤྱོད་འབད་མིའི་ཐོག་ གཞི་བཞག་སྟེ་ གཞུང་གིས་ ཀར་མེ་ཊིག་ཊཱོན་༥,༠༠༠ ཚུན་ ཞུ་བ་འབད་ཡོདཔ་ད་ ཚོང་འབྲེལ་པ་ཚུ་གི་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཀར་ཚུ་ ནང་འདྲེན་འབད་ནི་ཨིནམ་བཞིན་དུ་ ཁོང་གིས་ ཕྱེ་བཟོ་ནི་དང་ རྒྱུ་ཆས་སྦེ་ ཀར་དགོ་མི་ བཟོ་གྲྭ་འཕྲུལ་ཁང་བར་མ་ དག་པ་ཅིག་ཡོདཔ་ལས་ ཀར་དེ་ཚུ་ ཁོང་ར་གིས་ར་ ནང་འདྲེན་འབད་འོང་ཟེར་ཨིན་པས།

སྤྱི་ལོ་༢༠༢༡ གི་ འབྲུག་རང་བཞིན་སླར་འབྱུང་ཐོད་སྐྱེད་ཀྱི་ གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལོ་༥ དེ་ཅིག་ནང་ ཀར་གྱི་ ཐོན་སྐྱེད་མར་ཕབ་སོང་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཀར་མེ་ཊིག་ཊཱོན་༣,༨༨༣ དང་ འདས་པའི་ལོ་ནང་ ཀར་མེ་ཊིག་ཊཱོན་༡,༡༦༩ དེ་ཅིག་ ཐོན་སྐྱེད་འབད་ནུག་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༥ པའི་ནང་ བཀྲམ་སྤེལ་རྒྱུན་ལམ་ལུ་ བསྒྱུར་བཅོས་སོང་མི་དེ་གིས་ ཀར་དང་གུ་རམ་གྱི་ གོང་ཚད་ཚུ་ལུ་ གནོད་ཡོདཔ་ལས་ རྒྱལ་ཁབ་ཀྱི་ བཟའ་ཆས་ཉེན་སྲུང་འཛིན་སྐྱོང་དང་ ཉེན་ཁ་ཡོད་པའི་ རྒྱལ་ཁབ་གཞན་ཚུ་ལུ་ རྒྱབ་སྐྱོར་འབད་ཐབས་ལུ་ རྒྱ་གར་གཞུང་གིས་ བཟའ་ཆས་དེ་༢ ཕྱིར་ཚོང་བཀག་འཛིན་འབད་ཡོདཔ་ཨིན་པས།

རྒྱ་གར་གཞུང་གིས་ གུ་རམ་མེ་ཊིག་ཊཱོན་༡༠,༠༠༠ ནང་འདྲེན་འབད་ཆོག་པའི་ དམིགས་བསལ་གྱི་ གནང་བ་བྱིན་ཡོདཔ་བཞིན་དུ་ གུ་རམ་མེ་ཊིག་ཊཱོན་༡༠,༠༠༠ ལས་ མི་མང་གི་དོན་ལུ་ མེ་ཊིག་ཊཱོན་༦,༡༥༦ འབྲུག་བཟའ་སྤྱོད་ལས་འཛིན་དང་ ལྷག་ལུས་དེ་ བཟོ་གྲྭ་འཕྲུལ་ཁང་ཚུ་གིས་ རྒྱུ་ཆས་སྦེ་ ནང་འདྲེན་འབད་ནི་ཨིན་པས།

ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བཀག་འཛིན་འབད་མི་དེ་ གནས་སྐབས་ཀྱི་ ཐབས་ལམ་ཅིག་ཨིན་རུང་ གུ་རམ་དང་ ཀར་དེ་ རྒྱ་གར་གྱི་ འབྲེལ་ཡོད་དབང་འཛིན་ཚུ་ལས་ དམིགས་བསལ་གྱི་ གནང་བ་དང་གཅིག་ཁར་རྐྱངམ་གཅིག་ ནང་འདྲེན་འབད་ཆོག་ཟེར་ཨིན་པས།

རྒྱ་གཞུང་གིས་ ཧེ་མ་ཡང་ འབྲུག་ལས་ ཀེ་བ་དང་ ས་སྒ་ལ་སོགས་པའི་ ཕྱིར་ཚོང་དེ་ལུ་ དམིགས་བསལ་གྱི་ ཡངས་ཆག་བྱིན་ཡོདཔ་མ་ཚད་ ན་ནོ་ལུད་དང་ ན་ནོ་ནའི་ཊོ་ཇཱན་ཚུ་ དམིགས་བསལ་གྱི་ གོང་ཚད་དང་ རྡོ་སོལ་ཚུ་ཡང་ བཀྲམ་སྤེལ་འབད་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།

གཞུང་གིས་ ད་ལྟོ་ འབྲུག་ལས་ རྒྱ་གར་ལུ་ རྡོག་མ་ཕྱིར་ཚོང་བཀག་འཛིན་འབད་མི་དེ་ཡང་ ཡངས་ཆག་བཟོ་ནིའི་ རེ་བ་བསྐྱེད་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *