འབྲུག་ལས་ དོག་ལམ་ས་ཁོངས་ནང་ བྲེལ་ཟིང་བཤོལ་བཞག་འབད་མི་ལུ་ ལེགས་པའི་ངོས་ལེན།

༉ དོག་ལམ་གྱི་ ས་ཁོངས་ནང་ བྲེལ་ཟིང་ལང་མི་དེ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ བཤོལ་བཞག་འབད་མི་དེ་ལུ་ འབྲུག་གི་ཁ་ཐུག་ལས་ ལེགས་པའི་ངོས་ལེན་འབད་ནུག།
དེ་སྦེ་ རྒྱབ་བཤུད་རྐྱབ་མི་དེ་གིས་ འབྲེལ་ཡོད་རྒྱལ་ཁབ་ཚུ་གི་བར་ན་ཡོད་པའི་ གན་ཡིག་ཚུ་དང་འཁྲིལ་ འབྲུག་དང་ རྒྱ་ནག་ རྒྱ་གར་གྱི་ ས་མཚམས་ཚུ་བདའ་སྟེ་ ཞི་བདེ་དང་ སྐྱིད་ཧིང་ དེ་ལས་ གནས་སྟངས་རང་འཇགས་ རྒྱུན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ ད་རེས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བཀོད་ནུག།
རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ གནས་ཚུར་གསར་བཏོན་འབད་མིའི་ནང་ དོག་ལམ་ས་ཁོངས་ནང་ཡོད་མི་ ས་སྲུང་དམག་མི་ཚུ་ གང་མགྱོགས་སྦེ་ ཕྱིར་བཏོན་འབད་ནི་གི་ གྲོས་འཆམ་བྱུང་ཡོདཔ་ལས་ ད་ལྟོ་ རང་སོའི་ས་གོ་ནང་ འགྱོ་བའི་བསྒང་ཡོད་ཟེར་བཀོད་ནུག།
འདས་པའི་བདུན་ཕྲག་དག་པ་ཅིག་གི་རིང་ལུ་ རྒྱ་གར་དང་ རྒྱ་ནག་གིས་ དོག་ལམ་ལུ་ བྲེལ་ཟིང་བྱུང་མིའི་སྐོར་ལས་ ཕྱི་འབྲེལ་དོན་གཅོད་པའི་རྒྱུན་ལམ་ཐོག་ བརྡ་སྤྲོད་པའི་སྐབས་ ང་བཅས་ཀྱིས་ ང་བཅས་རའི་ བསམ་འཆར་བཤད་ཡོདཔ་མ་ཚད་ ང་བཅས་ཀྱི་ ཚ་གྱང་དང་ མཐའ་དོན་ཚུ་ཡང་ སླབ་ཚུགས་ཅི་ཟེར་ རྒྱ་གཞུང་གི་ གནས་ཚུལ་གསར་བཏོན་ནང་ གསལ་བཀོད་འབད་ནུག།
འབྲུག་དང་ རྒྱ་ནག་རྒྱལ་ཁབ་༢ ཀྱི་བར་ན་ ནུབ་ཕྱོགས་རྫོང་ཁག་ ཧཱ་དང་ སྤ་རོའི་ས་ཁོངས་ཚུ་ནང་ རྩོད་རྙོགས་ཡོད་མི་ ས་ཁོངས་༤ གི་གྲས་ལས་༡ དོག་ལམ་དེ་ཨིན་པས།
ཟླཝ་༢ དེ་ཅིག་གི་ཧེ་མ་ འབྲུག་གི་ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་ཅིག་ འབད་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ རྒྱ་ནག་གི་ དམག་མི་ཚུ་གིས་ དོག་ལམ་ས་ཁོངས་ནང་ རྡོ་དཀར་ལ་ལས་སྦེ་ འཛོམས་དཔལ་རི་ལུ་ འབྲུག་གི་དམག་སྒར་ཁ་ཐུག་ལུ་ འཁོར་ལམ་སེལ་ནི་ འགོ་བཙུགས་ཡོདཔ་སྦེ་ བཀོད་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་ འབྲུག་གིས་ རྒྱ་ནག་ལུ་ འབྲུག་པའི་ས་ཁོངས་ནང་ འཁོར་ལམ་སེལ་མི་དེ་ གན་ཡིག་བཀོད་ཡོད་མིའི་ དགོངས་དོན་ཚུ་ལས་ ཐད་ཀར་དུ་ འགལ་ཡོདཔ་མ་ཚད་ རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་བཀལ་ནི་དང་འབྲེལ་བའི་ བྱ་རིམ་ལུ་ ཐོ་ཕོག་པའི་སྐོར་ལས་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྒྱུད་ལམ་ཐོག་ལས་ སླབ་ཅི་ཟེར་བཀོད་ནུག།
དོག་ལམ་གྱི་ བྲེལ་ཟིང་བཤོལ་བཞག་འབད་ཡོད་མིའི་སྐོར་ དྲི་བའི་ལན་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་གི་མགྲིན་ཚབ་ ར་བིཤ་ཀུ་མར་གྱིས་ རྒྱ་གར་གྱི་ཁ་ཐུག་ལས་ འདི་བཟུམ་མའི་ གནད་དོན་ཚུ་ ཕྱི་འབྲེལ་དོན་གཅོད་ཀྱི་ བརྒྱུད་ལམ་ཚུ་གི་ཐོག་ལས་རྐྱངམ་གཅིག་ སེལ་ཚུགསཔ་ཨིནམ་སྦེ་ ཆ་བཞགཔ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་གར་གྱི་ རྒྱབ་སྲུང་གཞི་རྩ་དེ་ ས་མཚམས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ གྲོས་འཆམ་དང་ གོ་བརྡ་བྱུང་མི་ཚུ་ལུ་ བརྩི་མཐོང་བསྐྱེད་ནི་དེ་ཨིན་ཟེར་ རྒྱ་གཞུང་གི་ གནས་ཚུལ་གསར་བཏོན་ནང་ བཀོད་པའི་ཁར་ རྒྱ་གར་གྱི་ སྲིད་བྱུས་དེ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་ ལྷག་པར་དུ་ གོང་འཕེལ་གཏང་ནིའི་དོན་ལུ་ ས་མཚམས་ས་ཁོངས་ཚུ་ནང་ ག་ནི་བ་ གནད་འགག་ཅན་ཅིག་ཨིན་མི་ ཞི་བདེ་དང་ སྐྱིད་ཧིང་རྒྱུན་འཛིན་འབད་ནི་ལུ་ གཙོ་རིམ་བཟུངམ་ཨིན་ཟེར་བཀོད་ནུག།
རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་གི་མགྲིན་ཚབ་ ཧུ་ཅུ་ནིང་གིས་ སྤྱི་ཟླ་༨ པའི་ཚེས་༢༨ ཀྱི་ ཉིན་མའི་ཆུ་ཚོད་༢.༣༠ ལུ་ གནས་ཚུལ་ཞལ་འཛོམས་ནང་ བཤད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ ཁ་ཐུག་ལས་ ཁོང་རའི་ ས་མཚམས་དམག་མི་དང་ མཁོ་ཆས་ཚུ་ རྒྱ་གར་གྱི་ ས་ཁོངས་ནང་ ཕྱིར་བཏོན་འབད་ཡི་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ བསྒྱུར་བཅོས་འགྱོ་མི་དང་འཁྲིལ་ རྒྱ་ནག་གི་ ས་སྲུང་དམག་མི་ཚུ་གིས་ དོང་ལང་ས་ཁོངས་ནང་ འཕྲོ་མཐུད་དེ་ར་ ཉེན་སྲུང་ལྟ་རྟོག་འབད་ནི་དང་ རྒྱ་ནག་གིས་ དགོས་མཁོ་དང་འཁྲིལ་ བདེ་སྒྲིག་ཐོག་ ས་སྲུང་པ་ཚུ་ བཀྲམ་བཙུགས་འབད་འོང་ཟེར་ མོ་གིས་ བཤད་ཡོདཔ་ཨིན་པས།
རྒྱ་ནག་གཞུང་གིས་ རྒྱ་གར་དང་གཅིག་ཁར་ ཁྱིམ་མཚེས་ལེགས་ཤོམ་དང་ མཐུན་འབྲེལ་གོང་འཕེལ་གཏང་ནི་ལུ་ གལ་གནད་ཅན་སྦེ་ བརྩི་འཇོག་འབདཝ་ཨིན་ཟེར་ མགྲིན་ཚབ་ཀྱིས་ བཤད་པའི་ཁར་ རྒྱ་གར་གྱིས་ ས་མཚམས་དང་འབྲེལ་བའི་ རྒྱལ་རབས་ཅན་གྱི་ ཆིངས་ཡིག་གིས་མ་དོ་བར་ རྒྱལ་སྤྱི་ཁྲིམས་ལུགས་ཀྱི་ གཞི་རྩ་ཚུ་ལུ་ བརྩི་བཀུར་ཐོག་ ས་མཚམས་ས་ཁོངས་ནང་ ཞི་བདེ་དང་ རྒྱུན་བརྟན་ཉམས་སྲུང་འབད་ནི་ དེ་ལས་ རྒྱལ་ཁབ་རང་སོའི་ ས་ཁོངས་ཀྱི་ རང་བཙན་ལུ་ ཕན་ཚུན་གུས་ཞབས་ལུ་ གཞི་བཞག་སྟེ་ ཟུང་ཕྱོགས་མཐུན་འབྲེལ་ ཚུལ་ལྡན་སྦེ་ གོང་འཕེལ་གཏང་ནིའི་ནང་ རྒྱ་ནག་དང་གཅིག་ཁར་ ལཱ་འབད་བའི་ རེ་བ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *