༉ སྤ་རོ་འབྲུག་རྒྱལ་རྫོང་ བསྐྱར་བཞེངས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ལས་ འབྲུག་མི་ཚུ་གིས་ ལོ་༦ དེ་ཅིག་གི་ཤུལ་ལས་ རྒྱལ་རབས་ཅན་གྱི་ འབྲུག་རྒྱལ་རྗོང་དེ་ དང་ཕུ་ བཟོ་བཀོད་ག་དེ་སྦེ་ཡོདཔ་ཨིན་ན་ ཅོག་འཐདཔ་སྦེ་ མཇལ་ཚུགས་ནི་ཨིན་པས།
ད་ལྟོ་ རྫོང་གི་ གཡས་ཕྱོགས་ལུ་ཡོད་མི་ རྫོང་ཤུལ་ཚུ་ བསྐྱར་བཞེངས་འབད་ནི་ འགོ་བཙུགས་ཏེ་འདུག།
ལཱ་གཡོག་སྦྱོང་བརྡར་འབད་མི་ བཟོ་རིག་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་གི་ཤུལ་ཚུ་ སྲོལ་འཛིན་ལས་ཁུངས་ཀྱིས་ ཞིབ་འཚོལ་འབད་བའི་ཤུལ་ལས་ ས་ཁྲ་བཟོ་མི་དང་འཁྲིལ་ བསྐྱར་བཞེངས་འབད་དོ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རྫོང་དེ་ དང་ཕུ་བཟུམ་སྦེ་ མཐོང་ནིའི་དོན་ལུ་ རང་བཞིན་གྱི་ རྡོ་དང་འདམ་མ་གཏོགས་ ལྕགས་གཟེར་གྱི་རིགས་ཚུ་ ལག་ལེན་འཐབ་ནི་མེད་ཟེར་ཨིན་པས།
ཤིང་གི་ལྕམ་ཚུ་ མཐུད་ནིའི་དོན་ལུ་ དང་ཕུའི་ལམ་སྲོལ་ཐོག་ ཤིང་དོང་སྤེད་དེ་ ཤིང་གིས་ར་ མཐུད་སྦྲེལ་འབད་དོ་ཟེར་ཨིནམ་ད་ གྱང་རྩིག་ཚུ་ཡང་ ཧེ་མ་ག་ཨིན་པའི་གུ་ གཞི་བཞག་སྟེ་ བཞག་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དང་ཕུའི་རྩིགཔ་ མེདཔ་ཐལ་མི་ཚུ་མ་གཏོགས་ སྒྲིང་སྒྲི་སྦེ་ཡོད་མི་ཚུ་ དེ་སྦེ་ར་ བཞག་དོ་ཟེར་ཨིན་རུང་ ཁོ་གིས་ བཤད་མིའི་ནང་ རྩིགཔ་གི་སྟུག་ཚད་ལ་ལོ་ ཕིཊ་ཕྱེད་དང་༤ དེ་རེ་ འདུག་ཟེར་ཨིན་པས།
ལས་འགུལ་དེ་ནང་ ད་ལྟོ་ ལཱ་འབད་མི་༡༤༠ ལྷགཔ་ཅིག་ཡོད་མི་ཚུ་ ཧེ་མ་ དར་དཀར་ནང་རྫོང་བཞེངས་པའི་སྐབས་ ལཱ་འབད་མི་ ཉམས་མྱོང་ཡོད་མི་ཚུ་ཡོདཔ་ད་ འདམ་དེ་ ཧཱ་འགྱོ་སའི་ལམ་ཁ་ལས་ འབག་སྐྱེལ་དོ་ཡོད་རུང་ རྡོ་ཚུ་ རིན་བསྡུར་ཐོག་ལས་ ལེན་དོ་ཟེར་ཨིན་པས།
ལོ་༦ འབད་མི་ལས་འགུལ་དེ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་༥༠༠ དེ་ཅིག་གི་ཐོག་ལས་ བསྐྱར་བཞེངས་འབད་དོ་ཡོདཔ་ད་ ལས་འགུལ་དེ་ཡང་ ནང་སྲིད་ལྷན་ཁག་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྫོང་གི་དབུ་རྩེ་དེ་ ན་ཧིང་ རྒྱལ་སྲས་འཁྲུངས་པའི་ དུས་སྟོན་དང་འབྲེལ་ བསྐྱར་བཞེངས་འབད་མི་དེ་ དུས་ཡུན་ཟླ་ངོ་༦ དེ་ཅིག་གི་ནང་འཁོད་ལུ་ བཞེངས་ཚར་ཡོདཔ་ཨིན་པས།
རྫོང་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་བཀའ་བཞིན་དུ་ སྡེ་སྲིད་༢ པ་ བསྟན་འཛིན་འབྲུག་སྒྲ་གིས་ སྤྱི་ལོ་༡༦༤༩ ལུ་ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་ཚུལ་དུ་ བཞེངས་ཡོདཔ་ཨིན་པས།
སྤྱི་ལོ་༡༩༥༠ དེ་ཅིག་ཁར་ མེ་མཆོད་བཞེས་པའི་ཤུལ་ལས་ བར་ན་ཡོད་མི་ དབུ་རྩེ་མ་གཏོགས་ མཐའ་འཁོར་ལུ་ཡོད་མི་ གྲྭ་ཤག་ཚུ་མང་ཤོས་ར་ ཞིག་རལ་ཐལ་ཡོདཔ་ཨིན་པས།
ལཱ་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མའི་རྫོང་ཤུལ་ནང་ཡོད་མི་ ཤིང་ཆས་ཚུ་ མང་ཤོས་ར་ རུལ་ཡོདཔ་ལས་ སྤྱོད་བཏུབ་མིན་འདུག་ཟེར་ཨིནམ་ད་ འགྱམ་རྡོ་ཚུ་ མང་ཤོས་ཅིག་ སོར་དགོཔ་འདུག་ཟེར་ཨིན་པས།
རྫོང་དེ་གི་དོན་ལུ་ དང་ཕུ་ལས་ཡོད་མི་ ཆུ་ལམ་ཁག་༣ དེ་ཅིག་ཡོད་མི་ཚུ་ཡང་ ག་ར་ ལོག་བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
སྤ་རོ་ལས་ བཀྲིས་བསྟན་འཛིན།