མེ་ཏོག་འགྲེམ་སྟོན་ནང་ ལྟདམོ་བལྟ་བར་འོང་མི་ ཨ་ལོ་ཚུ་ རྩེདམོ་རྩེ་བའི་བསྒང་།

འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ ད་རིས་ མཇུག་བསྡུ་ནི།

༉ སྤུ་ན་ཁ་ལུ་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ འགོ་འདྲེན་འཐབ་སར་ ཉིན་བསྟར་བཞིན་དུ་ མི་སྟོང་ཕྲག་ལས་བཅད་དེ་ འཛོམས་དོ་ཡོད་མི་དེ་ཡང་ མེ་ཏོག་གི་རིགས་རྐྱངམ་གཅིག་གིས་མ་ཚད་ རང་བཞིན་ཐོན་སྐྱེད་ཀྱི་རིགས་གཞན་ཚུ་ཡང་ ཡོད་མི་ལུ་བརྟེན་ཨིན་པས།
དཀར་སྦིས་ས་ལས་ སྐྱེས་ལོ་༧༤ ལང་མི་ ཨམ་ཨོ་ཀ་གིས་ རང་བཞིན་མེན་པའི་ ཆུ་རྫིང་ཅིག་ལུ་བལྟ་སྟེ་ ཉ་མིན་འདུག་ཟེར་ སླབ་ཡོདཔ་མ་ཚད་ མོ་གི་མི་ཚེ་ནང་ དེ་བཟུམ་གྱི་ མེ་ཏོག་སྣ་ཚོགས་ མཐོང་མ་མྱོང་ཟེར་ཨིན་པས།
མེ་ཏོག་འགྲེམ་སྟོན་ནང་ ཨ་ལོ་རྩེདམོ་རྩེད་སའི་ ས་ཁོངས་ཡང་ བཟོ་སྟེ་ཡོདཔ་ད་ དེ་ནང་ ཨ་ལོ་ཚུ་ རྩེདམོ་རྩེད་སར་ མཐོང་དོ་ཡོདཔ་ད་ ཕྱགས་སྙིགས་ཀྱི་གྱིབ་ཤོག་ཚུ་ནང་ བཙུགས་ཡོད་པའི་ མེ་ཏོག་ཚུ་ མི་མང་ཤོས་ཅིག་གིས་ པར་བཏབ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ གསལ་སྟོན་འབད་ས་དེ་ གཡུས་ཚན་བཟུམ་སྦེ་བཟོ་ཡོདཔ་ད་ དེ་ནང་ སོ་ནམ་ཐོན་སྐྱེད་དང་ སོ་ནམ་ལཱ་གི་རིགས་ཚུ་ མཐོང་ཚུགས་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ལྟ་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་དེ་གིས་ འགྲེམ་སྟོན་ལས་རིམ་ ཕར་འགྱངས་འབད་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།
སོ་ནམ་དྲུང་ཆེན་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཚུ་ལྟདམོ་བལྟ་བར་ འོང་ནིའི་དོན་ལུ་ སྣུམ་འཁོར་བཱསི་ཚུ་ཡང་ བཙུགས་ཅི་ཟེར་ཨིནམ་ད་ ལས་རིམ་དེ་ལུ་བརྟེན་ མི་ཚུ་གིས་ ཡོན་ཏན་དང་རིག་པ་གསརཔ་ ལེ་ཤ་ཐོབ་ནུག་ཟེར་ཨིན་པས།
མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ སྤུ་ན་ཁ་རྫོང་གི་ཉེ་འདབས་ ཐང་བཟང་ནང་ལུ་ ས་ཆ་ཨེ་ཀར་༩.༧༥ དེ་ཅིག་ནང་ བཟོ་ཡོདཔ་ད་ དེ་ནང་ གཞུང་གི་ལས་སྡེ་དང་ ཚོང་པ་ རྒྱ་གར་དང་ ཐའི་ལེནཌི་ དེ་ལས་ རྒྱལ་སྤྱིའི་མི་ཚུ་གིས་ བཅའ་མར་གཏོགས་ནུག།
སྤུ་ན་ཁ་ སློབ་གྲྭ་ལྟེ་བའི་དབུ་འཛིན་ ཡཤ་བྷ་དུར་ ག་ལེ་གིས་ སླབ་མིའི་ནང་ མེ་ཏོག་བཟོ་ནིའི་ལས་རིམ་དེ་ སློབ་རིམ་༡༡ པའི་སློབ་ཕྲུག་༢༠༠ ལྷགཔ་ཅིག་དང་ སློབ་གྲྭའི་ལས་བྱེདཔ་ཚུ་གིས་ སློབ་གྲྭའི་དུས་ཚོད་མིན་པའི་སྐབས་ བཅའ་མར་གཏོགས་ཡི་ཟེར་ཨིན་པས།
དེ་བསྒང་ སློབ་ཕྲུག་ཚུ་གིས་ མེ་ཏོག་ལྡུམ་ར་བཟོ་ཐངས་དང་ བདག་འཛིན་འཐབ་ཐངས་ཀྱི་ རིག་པ་ཐོབ་ཡོདཔ་མ་ཚད་ མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགས་པའི་ཡོན་ཏན་ཚུ་ ཐོབ་ཅི་ཟེར་ཨིནམ་ད་ ཕྱགས་སྙིགས་ཚུ་ མེ་ཏོག་བཙུགས་སའི་ཧོད་སྦེ་ བཟོ་ནིའི་རིག་རྩལ་ཡང་ ཐོབ་ཅི་ཟེར་ཨིན་པས།
ལས་རིམ་དེ་གི་དོན་ལུ་ སྤུ་ན་ཁ་སློབ་གྲྭ་ལས་ མཐར་འཁྱོལ་མི་ཚུ་གིས་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ མ་གཞི་ མི་ཚུ་གིས་ མེ་ཏོག་ཉོ་ནི་ལུ་ སྤྲོ་བ་བསྐྱེད་རུང་ མེ་ཏོག་བདག་འཛིན་འཐབ་ཐངས་ཀྱི་ གོ་བ་བརྡ་སྤྲོད་འབདཝ་མ་གཏོགས་ བཙོང་ནི་མེན་ཟེར་ཨིན་པས།
མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་སྐུ་འཁོར་ཚུ་གིས་ འགོ་འབྱེད་གནང་ཡོདཔ་ད་ དུས་ཅི་གི་ མེ་ཏོག་འགྲེམ་སྟོན་ལས་རིམ་དེ་ འབྲུག་དང་རྒྱ་གར་གྱི་བར་ན་ དོན་གཅོད་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *