འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་བཀོད་ཚོགས་ ཁྲིམས་སར་བསྐྱལ་ཡོདཔ།

འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ བཀོད་ཁྱབ་མདོ་ཆེན་དེ་ ངེས་པར་དུ་ དགོངས་ཞུ་འབད་བཅུག་སྟེ་ དུས་ཡུན་ཟླཝ་༡ གི་རྒྱབ་ལས་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ལྷོད་ནུག།

དེ་ཡང་ བཀོད་ཁྱབ་མདོ་ཆེན་བགྲེསཔ་ བསོད་ནམས་རྡོ་རྗེ་གིས་ བཀོད་ཚོགས་ཀྱི་ཧོངས་ལས་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་མི་དེ་ལུ་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་འདུན་གྱི་ ཞི་རྩོད་ཁྲིམས་ཁྲི་ནང་ ཞི་རྩོད་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ སྟ་གོན་སྙན་གསན་མཛད་ཡོདཔ་ཨིན་པས།

རྩོད་རྩ་བསོད་ནམས་རྡོ་རྗེ་གིས་ རྩོད་གཞི་བཙུགས་དགོ་པའི་ གནད་དོན་གཙོ་བོ་ར་ རྩོད་ཟླའི་ཁ་ཐུག་ལས་ དབང་ཚད་ལོག་སྤྱོད་དང་ སྒྲིག་ཁྲིམས་ཀྱི་ བྱ་བའི་གནད་སྤྱོད་ཚུ་དང་མ་འཁྲིལ་བར་ དགོངས་ཞུ་འབད་བཅུག་མི་ལུ་བརྟེན་ རྩོད་རྩ་ལུ་ དྲང་ཁྲིམས་མ་ཐོབ་ནི་དེ་གིས་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ནུབ་རི་མ་རྩ་སྒེར་སྡེའི་ནང་ དངུལ་འབྲེལ་སྒྲིག་གཞི་དང་ མ་འཁྲིལ་བར་ མ་དངུལ་འཛུགས་སྤྱོད་འབད་བའི་ རྩོད་དོན་ལུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་པའི་ ནམ་དུས་ལུ་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྣམ་རྒྱལ་ལྷུན་གྲུབ་དང་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་དགོཔ་སྦེ་ ན་ཧིང་སྤྱི་ཟླ་༧ པའི་ཚེས་༧ ལུ་ ལས་འཛིན་གྱི་ བཀོད་ཚོགས་ལུ་ ཡི་གུ་བྲིས་མི་དང་བསྟུན་ དགོངས་ཕོག་བཏང་ཡོདཔ་ཨིན་པས།

ཨིན་རུང་ ལྷན་ཚོགས་ཀྱིས་ ཁ་ཉེས་ཚུ་ལུ་ ཞིབ་དཔྱད་མཇུག་བསྡུ་སྟེ་ ཉེས་བཤེར་འབད་ནིའི་དོན་ལུ་ ཞིབ་དཔྱད་སྙན་ཞུ་དང་ ཉེས་འཛུགས་ཀྱི་ གྲོས་འདེབས་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་པའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༣ ལུ་ འགོ་འཛིན་༢ ཀྱི་ དགོངས་ཕོག་བཀའ་རྒྱ་ ཆ་མེད་བཏང་ནུག།

འདི་འབདཝ་ད་ འགོ་འཛིན་༢ ལཱ་གཡོག་ནང་ ལོག་བཙུགས་ནི་ཨིན་ན་ ཡང་ཅིན་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ ཡི་གུ་བཏང་མི་དང་འཁྲིལ་ དགོངས་ཕོག་བཏོན་ནི་ཨིན་ན་ བཀོད་ཚོགས་ཀྱིས་ ཐག་བཅད་དགོ་ཟེར་ ལྷན་ཚོགས་ཀྱི་ ཡི་གུ་ནང་ བཀོད་ཡོདཔ་ཨིན་པས།

གལ་སྲིད་ བཀོད་ཚོགས་ཀྱིས་ ཁོང་གཉིས་ དགོངས་ཕོག་མ་བཏོན་པར་ བཞག་ནི་གི་ ཐག་བཅད་པ་ཅིན་ ཁོང་ཡིག་ཚང་ནང་ སྡོད་རིང་ལུ་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་སྐབས་ཐོབ་མི་ སྒྲུབ་བྱེད་དང་ དཔང་པོ་ཚུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ བཤེར་ཡིག་མ་བཙུགས་ཚུན་ཚོད་ བར་ཆད་དང་ ཐོ་ཕོག་ནི་མེདཔ་ ངེས་བརྟན་བཟོ་དགོ་ཟེར་བཀོད་ནུག།

བསོད་ནམས་རྡོ་རྗེ་གིས་ བཤེར་ཡིག་བཙུགས་མི་དེ་ནང་ ཁོ་ལུ་ ཁེ་རྒུད་མ་བཏུབ་མི་དེ་ གཙོ་བོ་ར་ བཀོད་ཚོགས་ཀྱིས་ རྩོད་རྩ ལུ་ སྒྲིགས་ཁྲིམས་དང་འབྲེལ་བའི་ ཉེས་འཛུགས་ཀྱི་སྐོར་ལས་ བརྡ་དོན་མ་སྤྲོད་པའི་ཁར་ ཉེས་འཛུགས་ཚུ་ལུ་ ཡིག་ཐོག་ལུ་ གསལ་ཞུ་འབད་ནི་གི་ གོ་སྐབས་མ་བྱིན་ནི་དེ་གིས་ཨིན་ཟེར་ བཀོད་ཡོདཔ་ཨིན་པས།

རྩོད་རྩ་དེ་ སྤྱི་ཟླ་༡ པའི་ཚེས་༢༢ ལུ་ ཡིག་ཚང་བཀའ་རྒྱ་བཏོན་ཏེ་ ལཱ་གཡོག་ནང་ལས་ དགོངས་ཞུ་བཏང་ཡོདཔ་མ་ཚད་ ཁོ་གི་ དགོངས་ཞུའི་ཐོབ་ལམ་ཚུ་ མ་བྱིན་པར་ བཀག་འཛིན་འབད་དེ་ བཞག་ཡོདཔ་ད་ བཤེར་ཡིག་དང་འཁྲིལ་བ་ཅིན་ བཀོད་ཚོགས་ཀྱིས་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ མ་འབདཝ་ལས་ གྲོས་ཆོད་བསྐྱར་ཞིབ་གནང་དགོ་པའི་ ཞུ་བ་འབད་རུང་ ངོས་ལེན་མ་ཐོབ་ཟེར་ཨིན་པས།

དེ་འབདཝ་ལས་ རྩོད་ཟླ་གིས་ རྩོད་ཟླ་དེ་ དགོངས་ཞུ་བཏངམ་ད་ ཁྲིམས་ཀྱི་བྱ་བའི་གནད་སྤྱོད་དང་འཁྲིལ་ བཏང་ཡོདཔ་ཨིན་ན་དང་ ད་ལྟོ་ རྩོད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བསྐྱར་ཞིབ་འབད་བའི་བསྒང་ལས་ ཉེས་འཛུགས་མ་འབདཝ་ལས་ར་ དགོངས་ཞུ་བཏང་ཆོགཔ་ཨིན་ན་ ཁྲིམས་འདུན་གྱིས་ གཟིགས་ཞིབ་གནང་དགོ་ཟེར་ སྟ་གོན་སྙན་གསན་སྐབས་ རྩོད་རྩ་གིས་ཞུ་ནུག།

ད་རུང་ རྩོད་ཟླ་གིས་ རྩོད་རྩ་དེ་ དགོངས་ཞུ་བཏང་སྟེ་ ཐོབ་ལམ་ཚུ་ བདག་སྲུང་ཐོག་ བཞག་མི་དེ་ ཁྲིམས་མཐུན་ཨིན་མེན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཉེས་རྩོད་ ཡང་ཅིན་ བདག་སྐྱོང་དང་འབྲེལ་བའི་ སྙན་ཞུ་དེ་ ཐག་བཅད་ཨིནམ་སྦེ་ བརྩི་འཇོག་ཐོག་ བཀོད་ཚོགས་ཀྱིས་ ཕྱོགས་གཅིག་གི་ དབང་ཚད་ལེན་ཐོག་ལས་ ལས་གཡོགཔ་ཚུ་ ཡིག་ཚང་ནང་ལས་ བཏོན་བཏང་ཆོག་མི་ཆོག་ ཁྲིམས་འདུན་ལས་ གཟིགས་ཞངབ་གནང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ བཀོད་ཚོགས་ལུ་ ཡི་གུ་བྲིས་མི་དེ་ནང་ དགོངས་ཞུ་བཏང་མི་ འགོ་འཛིན་༢ དང་ ལས་འཛིན་གྱི་ འགོ་དཔོན་གཞན་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་དམ་སྒྲིང་ལེན་དགོཔ་བཀོད་ནུག།

ཧེ་མའི་དྲི་བ་དྲིས་ལན་སྐབས་ བཀོད་ཚོགས་ཀྱི་ མདོ་ཆེན་ཅིག་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ ལྷན་ཚོཀས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ལུ་བཏང་མི་ ཞིབ་དཔྱད་སྙན་ཞུ་ནང་ བདག་སྐྱོང་དང་འབྲེལ་བའི་ ནོར་སྐྱོན་དང་ ཉེས་འཛུགས་གཞན་ཚུ་ལུ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ འགོ་འཛིན་༢ དགོངས་ཞུ་གཏང་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།

རྩོད་རྩ་བསོད་ནམས་རྡོ་རྗེ་གིས་ རྩོད་དོན་དེ་ ཁྲིམས་ཀྱི་འདུན་སར་ བཤེར་འཕྲོ་ཡོདཔ་ལས་ ག་ནི་ཡང་ སླབ་ནི་མེད་ཟེར་ ཁ་གསལ་ག་ནི་ཡང་ སླབ་མ་བཏུབ།

རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བཀོད་ཚོགས་ཀྱི་ཁྲི་འཛིན་ སྟོབས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ རྩོད་རྩ་གིས་ བཤེར་ཡིག་བཙུགས་ཡོད་མིའི་སྐོར་ བཀོད་ཚོགས་ཀྱིས་ གྲོས་བསྡུར་འབད་བསྒང་ཡོད་ཟེར་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྩོད་དོན་དེ་གི་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་འདི་ བདུན་ཕྲག་༡ གི་ནང་འཁོད་ལུ་ མཛད་འོང་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *