འབྲུག་རྒྱལ་ཁབ་ བུ་ལོན་ནང་ཨིན་རུང་ ཚ་གྱང་ལང་དགོཔ་མེདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་གནས་ཚད་དེ་ ལེགས་ཤོམ་ཡོདཔ་མ་ཚད་ འཛམ་གླིང་དངུལ་ཁང་དང་ རྒྱལ་སྤྱི་དངུལ་འབྲེལ་ལས་སྡེ་གིས་འབད་རུང་ འབྲུག་རྒྱལ་ཁབ་འདི་ དཔལ་འབྱོར་ལེགས་ཤོམ་འགྱོ་མི་ རྒྱལ་ཁབ་ཚུ་གི་གྲངས་སུ་ ཚུད་ནི་མས་ཟེར་ཨིན་པས།

རྒྱལ་ཁབ་གོང་འཕེལ་འགྱོ་མི་དང་འབྲེལ་ བུ་ལོན་ཡང་ ལེ་ཤ་གིས་ ཡར་སེང་སོང་ཡོདཔ་སྦེ་ དཔལ་འབྱོར་མཁས་མཆོག་ཚུ་གིས་ སླབ་ཡོདཔ་ཨིན་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ སྤྱི་ཚོགས་ལྷན་བཞུགས་སྐབས་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་མི་དང་འཁྲིལ་བ་ཅིན་ བུ་ལོན་ཡོད་རུང་ ཚ་གྱང་སྦོམ་ཅིག་ ལང་དགོཔ་མེད་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ཀྱི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༡༧༡ ཡོད་རུང་ འདས་པའི་ལོ་༤ གི་ནང་འཁོད་ལུ་ གློག་མེ་ལས་འགུལ་དང་འབྲེལ་བའི་ བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༦༩.༢༥ ལུ་ མར་ཕབ་འབད་ཚུགས་ཅི་ཟེར་ཨིན་པས།
ཨིན་རུང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དང་པ་དང་༢ པའི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་ནི་དེ་གིས་ གོང་ཚད་དེ་ དངུལ་ཀྲམ་ཐེར་འབུམ་༡༢༣.༨༡༦ ཡར་སེང་སོང་ཡོདཔ་ཨིན་པས།
དེ་ལས་ གློག་མེ་མིན་པའི་ བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༦.༤༢༠ གིས་ མར་ཕབ་འབད་ཡོདཔ་ལས་ ད་རེས་ གློག་མེ་མིན་པའི་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༣༤.༥ ལུ་ གནས་ཡོདཔ་ཨིན་པས།
དངུལ་ཀྲམ་ཐེར་འབུམ་༣༤༥ ལས་ འབྲུག་གློག་མེ་ལས་འཛིན་གྱི་ མིང་ཐོག་ལུ་ ཐེར་འབུམ་༧ དང་ འབྲུག་གོང་འཕེལ་དངུལ་ཁང་ལུ་ ཐེར་འབུམ་༡.༥༡༤ དེ་ལས་ འབྲུག་གློག་མེ་ཞབས་ཏོག་ལུ་ ཐེར་འབུམ་༠.༤༣༩ ཡོདཔ་བཞིན་དུ་ གཞུང་ལུ་ བུ་ལོན་དངུལ་ཀྲམ་ཐེར་འབུམ་༢༡.༥ ལས་བརྒལ་མེད་ཟེར་ བློན་ཆེན་མཆོག་གིས་གསལ་ཞུ་ཕུལ་ཡི།
མ་གཞི་ ལོགས་གཅིག་ལས་ འབྲུག་རྒྱལ་ཁབ་འདི་ བུ་ལོན་ནང་ཨིན་རུང་ གསོག་འཇོག་མ་དངུལ་གྱི་ གནས་ཚད་ཡང་ ལེགས་ཤོམ་ཡོདཔ་ད་ དེ་ཡང་ ད་ཚུན་ གསོག་འཇོག་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་ ཐེར་འབུམ་༡.༠༦༧ ཡོད་མི་དེ་ དངུལ་ཀྲམ་གུ་ རྩིས་ཕབ་པ་ཅིན་ དངུལ་ཀྲམ་ཐེར་འབུམ་༦༩,༣༥༥ དེ་ཅིག་ཨིན་པས།
ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༠༦༧ ཡོད་ས་ལས་༧༩༢.༤༠ ཡུ་ཨེསི་ཌོ་ལར་ཨིནམ་ད་ དེ་ལས་ རྒྱ་གར་གྱི་ རུ་པི་ཐོག་ལུ་ ས་ཡ་༡༧,༧༨༩.༨༨ ཡོདཔ་ཨིན་པས།
དེའི་ཐོག་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ན་འཁོད་ཀྱི་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༡ དེ་ཅིག་ བཟོ་ཚུགས་པའི་ རེ་བ་ཡོད་མི་དེ་གིས་ ནང་འཁོད་ཀྱི་ འོང་འབབ་ཡར་སེང་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།
མ་གཞི་ རྒྱལ་ཁབ་འདི་ བུ་ལོན་ནང་ཨིན་རུང་ ཚོང་འབྲེལ་ལས་སྡེ་༦༦༡ ལུ་ ཚོང་ཁྲལ་དང་ ནང་འདྲེན་གྱི་ཁྲལ་ཚུ་ ཡང་ཆག་བཏང་ཐོག་ལས་ ཚོང་རྐྱབ་ནིའི་ གོ་སྐབས་བྱིན་མི་དེ་གིས་ གཞུང་ལུ་ རྒུད་འཐུས་དངུལ་ཀྲམ་ ཐེར་འབུམ་༤.༨ ཕོགཔ་ད་ གལ་སྲིད་ ཁྲལ་བཀལ་ཡོད་པ་ཅིན་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ འོང་ནི་ཨིན་པས།
དེ་མ་ཚད་ གཞུང་གིས་ དངུལ་ཁང་ཚུ་གི་ བསྐྱིན་འགྲུལ་གྱི་ཚད་གཞི་ བརྒྱ་ཆ་༡༢.༦༡ ལས་༡༡.༢༤ ལུ་ མར་ཕབ་འབད་མི་དེ་གིས་ འབྲུག་མི་ཚུ་ལུ་ དངུལ་ཀྲམ་ས་ཡ་༢,༠༢༩.༣༦ དེ་ཅིག་གི་ཐོག་ལས་ ཕན་ཐོགས་བྱུང་ཡི་ཟེར་ བློན་ཆེན་གྱིས་ རྒྱལ་ཁམས་སྙན་ཞུ་ཕུལ་བའི་སྐབས་ གསལ་ཞུ་ཕུལ་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *