འབྲུག་རྒྱལ་ཁབ་ནང་ ཆུ་འབོལ་དྲགས་ཡོད་རུང་ ཆུ་མ་ལང་པའི་དཀའ་ངལ།

༉ འབྲུག་གི་ལུང་གཤོང་ཡོད་རིགས་ཡོད་ཚད་ནང་ལས་ རོང་ཆུ་དང་ གཙང་ཆུ་ སྨན་ཆུ་ཚུ་ བབས་ཨིན་རུང་ ང་བཅས་ཀྱིས་ ཆུའི་དཀའ་ངལ་དེ་ ག་ཅི་སྦེ་ སེལ་མ་ཚུགསཔ་ཨིན་ན?
རྒྱལ་ཁབ་ནང་ འབོལ་ཤོས་ར་ ཆུ་ཨིན་རུང་ ཆུའི་དཀའ་ངལ་གྱི་ གནས་ཚད་དེ་ ལོ་བསྟར་བཞིན་དུ་ ཡར་སེང་མ་གཏོགས་ དཀའ་ངལ་ཆུང་སུ་འགྱོ་བའི་ ལོ་རྒྱུས་མི་གོ་བས།
གཞུང་གིས་ སྲིད་བྱུས་དང་ འཆར་གཞི་ག་ཅི་ར་བརྩམ་རུང་ རྒྱལ་ཁབ་ནང་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ཡོད་མི་དེ་ སེལ་ཐབས་ལུ་ འཆར་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་ བཞག་མི་དེ་གིས་ ལོ་ངོ་དག་པ་ཅིག་གི་རིང་ ཆུའི་དཀའ་ངལ་དུམ་གྲ་རེ་ སེལ་ཚུགས་དོ་ཡོད་རུང་ ལོ་ངོ་དག་པ་ཅིག་གི་ཤུལ་ལས་ ཨ་རྟག་གི་ གནས་སྟངས་ནང་ ལོག་ལྷོད་དེ་ མི་སེར་ཚུ་ལུ་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་བྱུང་པའི་ མཐོང་གསལ་བྱུངམ་མས།
གནས་སྟངས་དེ་ཚུ་ལུ་ བལྟ་བ་ཅིན་ རྒྱལ་ཁབ་ཀྱི་ སྲིད་བྱུས་དང་ འཆར་གཞི་བཟོ་མི་ཚུ་ལུ་ སྐྱོན་སྦོམ་ར་འདུག། ག་འཆརཔ་ཟེར་བ་ཅིན་ ཆུ་འབོལ་དྲགས་པའི་ གནས་སྟངས་ནང་ ཆུའི་དཀའ་ངལ་སེལ་མ་ཚུགས་མི་དེ་ ཐབས་སྡུག་པའི་ གནས་སྟངས་ཅིག་ཨིན་པའི་ཁར་ ང་བཅས་ཀྱི་ ཁྲོམ་སྡེ་ཚུ་ལུ་ བལྟ་བ་ཅིན་ ཁྲོམ་རེའི་སྦུག་ལས་ གཙང་ཆུ་རེ་ བབས་མི་མེད་པའི་ཁྲོམ་ དག་པ་ཅིག་ལས་མིན་འདུག།
དེ་འབདཝ་ལས་ ཁྲོམ་སྡེ་ནང་ འཐུང་ཆུའི་དཀའ་ངལ་དེ་ མ་ཆད་པར་ཐོན་པའི་ ནམ་དུས་ལུ་ རྒྱལ་ཁབ་ཀྱི་ མ་དངུལ་དུམ་གྲ་རེ་ཡོད་མི་དེ་ ཆུ་གི་དོན་ལུ་ར་བཏང་སྟེ་ སྡོད་ནི་མེན་པར་ ཐབས་ཤེས་སོ་སོར་བཏོན་དགོ་པའི་ དུས་ཚོད་ནང་ལྷོད་ནུག།
གལ་སྲིད་ ཐབས་ཤེས་སོ་སོར་མ་བཏོན་པ་ཅིན་ གཞུང་གིས་ ལོ་རན་ཆད་མེད་པར་ འཆར་དངུལ་ལས་ དཔྱ་བགོ་རྐྱབ་སྟེ་ ཆུ་དང་འབྲེལ་བའི་ ལས་སྣའི་དོན་ལུ་ བཏང་སྟེ་ར་ སྡོད་དགོཔ་འཐོན་འོང་།
རྒྱལ་ཁབ་ནང་ ཆུ་རྐ་ཚུ་སྐམ་མི་དེ་ སྲིད་བྱུས་བརྩམ་མི་དང་ གཞུང་ལུ་ གདོང་ལེན་དང་ ཚ་གྱང་སྦོམ་ཤོས་ཅིག་སྦེ་ ངོས་འཛིན་འབད་ཡོད་རུང་ དཀའ་ངལ་དེ་བ་ལྷགཔ་སྦེ་ སྲིད་བྱུས་བརྩམ་མི་ཚུ་གིས་ དེང་སང་གི་ གནས་སྟངས་དང་འཁྲིལ་ འཕྲུལ་རིག་གི་ཐོག་ལས་ ཆུའི་དཀའ་ངལ་ཚུ་ དུས་རྒྱུན་དུ་ སེལ་ཐབས་ལུ་ ཐབས་ཤེས་བཏོན་མ་ཚུགས་མི་དེ་ གནད་དོན་ག་ཅི་ཨིན་ན་ ཧ་གོ་དགོཔ་འདུག།
ཆུ་མ་ལང་པའི་དཀའ་ངལ་དེ་ ཆུ་དཀོན་དྲགས་ཡོད་པའི་ རྒྱལ་ཁབ་ཚུ་ལོས་ཀྱང་ འབྲུག་བཟུམ་མའི་ ཆུ་འབོལ་དྲགས་ཡོད་མི་ལུ་ཡང་ དཀའ་ངལ་ཐོན་ཏེ་ར་ སྡོད་པ་ཅིན་ གཞུང་ལུ་ སྐྱོན་སྦོམ་ཡོད་པའི་ རྟགས་མཚན་ཨིནམ་ལས་ དེ་ཚུ་ཤེས་དགོ་པའི་ དུས་ཚོད་ ན་འཐན་རན་ནུག།
དཔེར་ན་ སིངྒ་པུར་རྒྱལ་ཁབ་བཟུམ་ཅིག་ནང་ འབད་བ་ཅིན་ རྒྱ་མཚོ་གིས་ མཐའ་བསྐོར་ཡོད་མི་ རྒྱལ་ཁབ་འབད་ནི་དེ་གིས་ འཐུང་ཆུའི་དོན་ལུ་ ཆུ་རྐ་ཕུད་རྡོག་གཅིག་ཡང་མེདཔ་ལས་ རྒྱལ་ཁབ་གཞན་ཁ་ལས་ ནང་འདྲེན་འབད་དེ་ འཐུང་སྡོད་ཡོད་མི་ རྒྱལ་ཁབ་ལུ་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་འགྱོཝ་ད་ གདོང་ལེན་སྦོམ་བྱུང་པའི་སྐབས་ འཕྲུལ་རིག་གི་ ཐབས་ཤེས་བཏོན་ནི་དེ་གིས་ ད་ལྟོ་ རྒྱལ་ཁབ་ནང་ འཐུང་ཆུ་གཙང་ཏོག་ཏོ་ ཐོབ་ཚུགས་མི་དེ་ དཔེ་བཟང་པོ་ཅིག་ཨིན་མས།
རྒྱལ་ཁབ་དེ་ནང་ ཆུའི་རྐ་གསརཔ་ བཏོན་བཏོནམ་མེད་རུང་ རྒྱལ་ཁབ་ནང་འཁོད་ལུ་ཡོད་མི་ བཙོག་ཆུ་དང་ ཐབ་ཚང་ནང་ལས་འཐོན་མི་བཙོག་ཆུ་ དེ་ལས་ ཚྭ་ཁུག་ཅན་གྱི་ རྒྱ་མཚོའི་ཆུ་ཚུ་ འཕྲུལ་རིག་ལག་ལེན་འཐབ་སྟེ་ ལེགས་བསྒྱུར་འབད་དེ་ འཐུང་བཏུབ་ བཟོ་མི་ལུ་བརྟེན་ཨིན་མས།
སིངྒ་པུར་བཟུམ་སྦེ་ འགྱོ་དགོ་པ་ཅིན་ ད་ལྟོ་ ཆུའི་དོན་ལུ་ ཟད་འགྲོ་ས་ཡལ་ལས་བཅད་དེ་ བཏང་མི་དེ་ འཕྲོ་བརླག་ཨིནམ་ལས་ དེ་གི་ཚབ་ལུ་ སྲིད་བྱུས་དང་ འཆར་གཞི་བརྩམ་མི་ཚུ་གིས་ ཐབས་ཤེས་དེ་ བཟུམ་བཏོན་པ་ཅིན་ ཟད་འགྲོ་གཏང་དགོ་རུང་ ཐེངས་ཅིག་ལས་གཏང་མི་དགོ།
དེ་འབདཝ་ལས་ སྲིད་བྱུས་བརྩམ་མི་ཚུ་གིས་ ཆུའི་རྐ་སྐམ་མི་ལུ་ར་ བལྟ་སྡོད་ནི་མེན་པར་ རང་སྡོད་སའི་མཐའ་འཁོར་ལུ་ཡོད་མི་ བཙོག་ཆུ་དང་ ཆར་ཆུ་ཚུ་ བསྡུ་བསྒྱོམ་འབད་དེ་ བཞག་ཚུགས་པ་ཅིན་ དེ་གིས་ར་ འཐུང་ཆུའི་དཀའ་ངལ་ ཧ་ལམ་སེལ་ཚུགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *