འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེའི་ སློབ་ཕྲུག་སྡེ་ཚན་དང་པ།

འབྲུག་རྒྱལ་ཁབ་ནང་ ཁྲིམས་ཀྱི་སློབ་སྡེ་དང་པ་ རྟ་བབ་ལུ་ སྒོ་ཕྱེ་ཡོདཔ།

༉ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་དེ་ སློབ་ཕྲུག་སྡེ་ཚན་དང་པ་དང་བཅས་ སྤྱི་ཟླ་༧ པའི་ཚེས་༣ ལུ་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་གྱི་ ཉིནམ་དང་བསྟུན་ ཐིམ་ཕུག་རྟ་བབ་ལུ་ གནས་སྐབས་ཅིག་གི་ ས་ཁོངས་ནང་སྦེ་ གཞི་བཙུགས་འབད་ནུག།
འབྲུག་མངའ་བདག་རྒྱལ་པོ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ འགོ་བཙུགས་མི་ ཁྲིམས་ཀྱི་སློབ་སྡེ་དེ་ རྒྱལ་ཁབ་ནང་ ཁྲིམས་ཀྱི་སློབ་གྲྭ་དང་པ་ཨིན་པས།
སློབ་སྡེ་དེ་ནང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ སློབ་ཕྲུག་༢༥ གིས་ ལོ་ངོ་༥ གི་རིང་ འབྲུག་པའི་ཁྲིམས་ཀྱི་ མཐོ་རིམ་ཤེས་ཡོན་སྦྱང་ནི་ཨིནམ་ད་ ཁོང་གི་ གོམས་འདྲིས་སློབ་སྦྱོང་དེ་ ཁ་ཙ་ལས་བྱིན་ནི་ འགོ་བཙུགས་ནུག།
ཁྲིམས་ཀྱི་སློབ་སྡེའི་ སློབ་ཕྲུག་ཞབས་ཏོག་ལས་ཁུངས་ཀྱི་འགོ་འཛིན་ བསོད་ནམས་གཡུ་སྒྲོན་གྱིས་ སློབ་ཕྲུག་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་བྱིན་མིའི་ གནད་དོན་གཙོ་བོ་ར་ ཁྲིམས་ཀྱི་སློབ་སྡེ་ནང་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ ཐབས་རིག་ཤེས་ཡོན་ཁ་སྐོང་བྱིན་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།
གོམས་འདྲིས་སློབ་སྦྱོང་སྐབས་ སློབ་ཕྲུག་ཚུ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ གཞི་རྩ་དང་ རྒྱལ་རབས་ ཁྲིམས་ལུགས་ ཁྲིམས་དོན་ལག་ལེན་ ལྷབ་སྦྱང་གི་ རིག་རྩལ་ཚུ་ གསལ་བཤད་འབད་དེ་ བྱིན་ནི་ཨིན་པས།
གོམས་འདྲིས་སློབ་སྦྱོང་འབད་ཚར་བའི་ཤུལ་ལུ་ སློབ་ཕྲུག་ཚུ་གིས་ ཁྲིམས་དོན་སློབ་སྦྱོང་དང་ གྲུབ་མཐའ་ ཁྲིམས་ཀྱི་གཞི་རྩ་ དཔལ་འབྱོར་ རིག་གཞུང་ཚུ་ ལྷབ་ནི་ཨིན་པས།
ཁྲིམས་ཀྱི་སློབ་སྡེ་དེ་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ སྤ་རོ་སྤང་སྦིས་ས་ལུ་ གཏན་འཇགས་ཀྱི་ ས་ཁོངས་ནང་ སྤོ་བཤུད་འབད་ནི་ཨིན་པས།
ཁྲིམས་ཀྱི་སློབ་སྡེ་དེ་ སློབ་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གི་ དབུ་ཁྲིད་ཐོག་ལུ་ འཛིན་སྐྱོང་འཐབ་ནི་ཨིནམ་བཞིན་དུ་ སློབ་སྡེའི་མིང་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ གུས་བཏུད་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་སྦེ་ བཏགས་གནང་ཡོདཔ་ཨིན་པས།
སློབ་སྡེའི་འཛིན་སྐྱོང་ཚོགས་སྡེའི་ ཁྲི་འཛིན་དེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་ཨིན་པས།
འབྲུག་མི་ཡོངས་ལུ་ གོ་སྐབས་འདྲ་མཉམ་བྱིན་ཐབས་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེའི་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ཚུ་གིས་ སློབ་འཐུས་སྤྲོད་མི་དགོ་ནི་ཨིན་པས།
སློབ་སྡེ་གིས་ འབྲུག་གཞུང་དང་ རྒྱ་གར་གཞུང་ ཨཱསི་ཊི་ཡཱན་གོང་འཕེལ་ལས་སྡེ་ དེ་ལས་ ནིའུ་ཡོག་ལུ་ཡོད་མི་ ཁྲིམས་ཀྱི་ལས་སྡེ་ ཝ་ཡེཊ་ཨེན་ཀེསི་ ཨེལ་ཨེལ་པི་དང་ ཀ་རུ་ན་གཞི་ཚོགས་ལས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
ཁྲིམས་ཀྱི་སློབ་སྡེའི་བཟའ་ཚང་གིས་ གོམས་འདྲིས་སློབ་སྦྱོང་མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ གཞུང་འབྲེལ་ཐོག་ སློབ་སྡེ་སྒོ་འབྱེད་ཀྱི་ རྟེན་འབྲེལ་བརྩི་སྲུང་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *