༉ སྤྱི་ཟླ་༡༢ པའི་ཚེས་༡༡ ལུ་ འབྲུག་གཞི་ཚོགས་ཀྱི་ མཉམ་འབྲེལ་ཁྲི་འཛིན་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ འབྲུག་རི་དྭགས་དང་སྐྱེ་ལྡན་ཉམས་སྲུང་གི་ ཁྲི་འཛིན་དང་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ དྲུང་ཆེན་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་༥༢༠,༠༠༠ གི་ དངུལ་འཛིན་ཅཱེག་ རྩིས་སྤྲོད་གནང་ཡི།
འབྲུག་གཞི་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ དཔལ་འབྱོར་དང་ རང་བཞིན་གནས་སྟངས་ ཡུན་བརྟན་ཐོག་ལས་ བཞག་ཐབས་ལུ་ འབྲུག་གཞུང་དང་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱིས་ མ་དངུལ་བཟོ་ནིའི་ ཐབས་ལམ་སྒྲིག་མི་དེ་གིས་ རྒྱལ་ཁབ་ནང་ ཉམས་སྲུང་ཅན་གྱི་ ས་ཁོངས་ཚུ་ དུས་རྒྱུན་དུ་ ཉམས་སྲུང་འབད་དེ་ བཞག་ཚུགས་ཟེར་བཀོད་ནུག།
ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ རྒྱལ་ཁབ་ཀྱི་ ས་ཆ་བརྒྱ་ཆ་༥༡ ཁྱབ་སྟེ་ཡོད་མི་ ཉམས་སྲུང་དང་ རི་དྭགས་ས་ཁོངས་ཚུ་ ཉམས་སྲུང་དང་ འཛིན་སྐྱོང་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༣༠ ཚུན་གྱི་བར་ན་ འབྲུག་གཞུང་ལུ་ ཌོ་ལར་ས་ཡ་༤༠ བྱིན་ནི་ཨིན་པས།
ལས་རིམ་དེ་གིས་ རི་དྭགས་སེམས་ཅན་སྲུང་སྐྱོབ་དང་ ཉམས་གསོ་འབད་ནི་ཨིན་པའི་ཁར་ ཉམས་ཉེན་ཡོད་པའི་རི་དྭགས་གླངམོ་ཆེ་དང་ སྟག་ གངས་གཟིག་ དེ་ལས་ ཡལ་ཉམས་འགྱོ་ནིའི་ གནོད་ཉེན་སྦོམ་ཡོད་མི་ ཆུ་བྱ་དཀརཔོ་ཚུ་ ཉམས་སྲུང་འབད་ནི་ཨིན་པས།
དེ་མ་ཚད་ གྲོང་གསེབ་དཔལ་འབྱོར་གོང་འཕེལ་དང་ འབྲུག་མིའི་བདེ་སྐྱིད་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་དང་ ཐབས་བྱུས་ཚུ་ བཏོན་ནི་ཨིན་པས།
ལས་རིམ་དེ་གི་ ཁེ་ཕན་ཚུ་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་གིས་ མ་དོ་བར་ ས་མཚམས་ཀྱི་ ཕྱི་ཁ་ལས་ཕར་ རྒྱལ་ཁབ་ཀྱི་ གཙང་ཆུ་བདའ་སྟེ་ གཞིས་ཆགས་མི་ རྒྱལ་ཁབ་གཞན་གྱི་ མི་ཚུ་ལུ་ཡང་ ཕན་ཁྱད་འབྱུང་ནི་དང་ རྒྱལ་སྤྱིའི་གནས་ཚད་ནང་ ནགས་ཚལ་གཏན་འཇགས་ཉམས་སྲུང་འབད་མི་དང་ གནམ་གཤིས་འགྱུར་བགྲོད་ཀྱི་གདོང་ལེན་འབད་ཚུགས་པའི་ མིག་དཔེ་སྟོན་ནི་ཨིན་པས།
འབྲུག་གཞི་ཚོགས་དེ་ སྤྱི་ལོ་༡༩༨༦ ལུ་ ཇཱོན་དང་ཧེན་རིད་ཏ་ གཱོའི་ ལེད་ དེ་ལས་ ཕེ་རེངཀ་དང་ལི་སི་ན་ ཧཱོཆ་ཚུ་གིས་ གྲོགས་རམ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
གཞི་ཚོགས་ཀྱིས་ འདས་པའི་ལོ་ངོ་བཅུ་ཕྲག་གི་རིང་ རྒྱལ་ཁབ་ཀྱི་ སོ་ནམ་གོང་འཕེལ་གཏང་ནི་དང་འབྲེལ་བའི་ ལས་འགུལ་དང་ འབྲུག་པའི་ཨ་ལོ་ཚུ་ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་ གོ་སྐབས་ཚུ་ སྤྲོད་དེ་ཡོདཔ་ཨིན་པས།
འབྲུག་དང་ ཨེ་མི་རི་ཀའི་བར་ན་ མཐུན་ལམ་བཞག་ཐབས་ལུ་ འབྲུག་གཞི་ཚོགས་ཀྱིས་ ད་རེས་ ཝ་ཤིང་ཊཱོན་ཌི་སི་དང་ ཐིམ་ཕུག་ལུ་ ཡིག་ཚང་ཕྱེ་སྟེ་ཡོད་པའི་ཁར་ སྤྱི་ལོ་༢༠༠༧ ལས་ བཀོད་ཚོགས་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
གཞི་ཚོགས་ཀྱི་ མཉམ་འབྲེལ་ཁྲི་འཛིན་ མཱའི་ཀཱལ་ ཕི་ལཱིཔསི་གིས་ ད་ལས་ཕར་ ལོ་ངོ་༡༥ འི་རིང་ མ་དངུལ་དེ་གི་ཐོག་ལས་ ལཱ་མངམ་འབད་དགོཔ་འཐོན་འོང་ནི་དང་ ལཱ་ཚུ་ག་དེ་སྦེ་ འབད་ནི་ཨིན་ན་ཚུ་ག་ར་ ལྷན་ཁག་ནང་ ལཱ་འབད་མི་ཚུ་ལུ་ རག་ལས་ཟེར་བཤད་ཅི།
མ་དངུལ་དེ་གིས་ ལས་རིམ་དེ་གི་དོན་ལུ་ ཡུན་རིངམོ་སྦེ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ ཁོ་གིས་ བཤད་པའི་ཁར་ དུས་ཅིའི་མ་དངུལ་བགོ་བཀྲམ་དེ་ཡང་ ན་ཧིང་ ལས་འགུལ་གྱི་ལཱ་ཚུ་ ག་དེ་སྦེ་ འབད་ཡོདཔ་ཨིན་ན་ལུ་ རག་ལས་ཟེར་ བཤད་ཅི།
འབྲུག་རི་དྭགས་དང་ སྐྱེ་ལྡན་ཉམས་སྲུང་ཡིག་ཚང་དེ་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༡༡ ལུ་ འགོ་འབྱེད་འབད་ཡོདཔ་ད་ ཡིག་ཚང་དེ་གིས་ མ་དངུལ་ས་ཡ་༤༣ ཐོག་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ ཉམས་་སྲུང་ས་ཁོངས་ཚུ་ གཏན་འཇགས་སྦེ་ འཛིན་སྐྱོང་འབད་ནི་ཨིན་པས།
མ་དངུལ་དེ་ཡང་ གཞུང་གིས་ ལོ་ངོ་༡༤ འི་ནང་འཁོད་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༧༥ གྲོགས་རམ་འབད་ཐོག་ལས་ རྒྱུན་སྐྱོང་འཐབ་ནི་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།