འབྲུག་འདི་ དམར་ཅནམ་ནད་གཞི་ རྩ་མེད་བཏང་ཚུགས་མི་ རྒྱལ་ཁབ་ ཨང་༢ པ་ཨིནམ།

༉ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ཤར་ནུབ་ལུང་ཕྱོགས་ནང་ སྤྱི་ལོ་༢༠༢༠ ནང་འཁོད་ལུ་ དམར་ཅནམ་ནད་གཞི་ རྩ་མེད་གཏང་ནིའི་ དམིགས་གཏད་བསྐྱེད་པའི་ སྔ་གོང་ལས་ འབྲུག་གིས་ དམར་ཅནམ་ནད་གཞི་ རྩ་མེད་བཏང་ཚུགས་མི་དེ་ རྒྱལ་ཁབ་ཨང་༢ པ་ཨིན་པས།

ནད་གཞི་དེ་ཡང་ ནད་འབུབ་ལུ་བརྟེན་ འབུ་ནིའི་ཉེན་ཁ་ཡོད་པའི་ ནད་གཞི་ཅིག་ཨིནམ་ད་ འཛམ་གླིང་གསོ་བའི་ཚོགས་སྡེ་གི་ ཤར་ནུབ་ལུང་ཕྱོགས་ཡིག་ཚང་གིས་ ལུང་ཕྱོགས་ནང་ སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ ནད་གཞི་དེ་ རྩ་མེད་གཏང་ནིའི་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ འབྲུག་གིས་ སྤྱི་ལོ་༢༠༡༨ ཀྱི་ནང་འཁོད་ལུ་ ནད་གཞི་དེ་ རྩ་མེད་གཏང་ནི་སྦེ་ དམིགས་གཏད་བསྐྱེད་ནུག།
འབྲུག་དང་ མཱལ་དིབསི་རྒྱལ་ཁབ་༢ ཀྱིས་ ལུང་ཕྱོགས་ནང་ ནད་གཞི་དམར་ཅནམ་ བཀག་འཛིན་འབད་ཚུགས་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེ་གི་ ཤར་ནུབ་ལུང་ཕྱོགས་ཡིག་ཚང་གིས་ དམར་ཅནམ་རྩ་མེད་དང་ རིམས་ནད་རུ་བི་ལ་ བཀག་འཛིན་གྱི་ སྙན་ཞུ་འབད་བའི་སྐབས་ ལུང་ཕྱོགས་ཡིག་ཚང་གི་མདོ་ཆེན་ ཌོག་ཊར་པོ་ནམ་ ཀི་ཊ་ར་པཱལ་སིང་གིས་ སླབ་མིའི་ནང་ རྒྱལ་ཁབ་༢ ཀྱིས་ ནད་གཞི་དེ་ རྩ་མེད་བཏང་ཚུགས་མི་དེ་ མི་མང་གསོ་བའི་ གྲུབ་འབྲས་སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།
ནད་གཞི་བཀག་འཛིན་ལས་རིམ་གྱི་ གཙོ་འཛིན་འགོ་དཔོན་འོགམ་ ཚེ་དབང་ཏ་མང་གིས་འབད་བ་ཅིན་ ད་རེས་ དེ་བཟུམ་མའི་ ནད་གཞི་རྩ་མེད་བཏང་ཚུགས་མི་དེ་ གསོ་བའི་ལཱ་འབད་མི་དང་ མཉམ་འབྲེལ་རྒྱབ་སྐྱོར་ དེ་ལས་ ཨ་ལོའི་ཨའི་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ནད་བཀག་གི་ སྨན་ཁབ་བཙུགས་པར་ འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ དང་༢༠༡༤ ལུ་ རྒྱལ་ཁབ་ནང་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ཅིག་ཡང་ མ་ལྷོད་རུང་ ན་ཧིང་ བཀྲིས་སྒང་ མེ་རག་སློབ་གྲྭ་ནང་ དམར་ཅནམ་ཁྱབ་སྤེལ་སོང་ཡོད་པའི་ སྙན་ཞུ་ལྷོད་ནུག།
ཚེ་དབང་ཏ་མང་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རག་ལུ་ ནད་གཞི་ཐོབ་མི་ ཨ་ལོ་ཚུ་ཡང་ ནད་བཀག་སྨན་བཙུགས་བར་ མ་འོང་མི་ཚུ་ ཨིན་མས་ཟེར་ཨིནམ་ད་ ན་ཧིང་ སྤ་རོ་དང་ བསམ་རྩེ་ གསར་སྤང་ ཐིམ་ཕུག་ བཀྲིས་སྒང་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ལས་ མི་ངོམ་༤༥ གིས་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ལྷོད་མིའི་གྲས་ལས་ བཀྲིས་སྒང་རྐྱངམ་གཅིག་ནང་ མི་ངོམ་༣༣ གྱིས་ ནད་གཞི་ཐོབ་ནུག།
སྤྱི་ལོ་༢༠༡༥ ལུ་ བསམ་རྩེ་དང་ སྤ་རོ་ གསར་སྤང་ ཕུན་ཚོགས་གླིང་ དེ་ལས་ ཐིམ་ཕུག་ལས་ མི་ངོམ་༡༡ གིས་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ ནད་གཞི་ཚུ་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ལས་རིམ་གཙོ་འཛིན་འོགམ་གིས་ སླབ་མིའི་ནང་ ཞིབ་དཔྱད་འབད་བའི་ སྙན་ཞུ་དང་འཁྲིལ་ཏེ་ ནད་གཞི་དེ་ ཕྱིའི་རྒྱལ་ཁབ་ལས་ འོང་ཡོད་པའི་ ངོས་ལེན་འབད་ཡོདཔ་ད་ འཛམ་གླིང་གསོ་བའི་ཚོགས་སྡེ་དང་འཁྲིལཝ་ད་ ནད་གཞི་རྩ་མེད་གཏང་དགོ་ཟེརཝ་ད་ རྒྱལ་ཁབ་ནང་་ ནད་གཞི་མ་འཐོན་པའི་ཁར་ ནད་གཞི་དེ་ ཟླཝ་༡༢ ལས་བརྒལ་ཏེ་ ཁྱབ་སྤེལ་འགྱོ་མ་བཅུག་མི་དེ་ལུ་ གོཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ འབྲུག་གིས་ ནད་གཞི་དེ་ ནང་འཁོད་ལས་ ཐོན་ཡོད་པའི་ སྙན་ཞུ་མེདཔ་ད་ གསོ་བའི་ལྷན་ཁག་གིས་ ཤུལ་མའི་ཟླཝ་ནང་ལས་ ནད་གཞི་དེ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནིའི་ ལས་འཆར་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེ་གི་ དགོས་མཁོ་དང་འཁྲིལ་ཏེ་ རྒྱལ་ཡོངས་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ འགྲོ་སོང་སྦོམ་གཏང་དགོཔ་ལས་ རྫོང་ཁག་ག་རའི་ནང་ ས་ཁོངས་ཚུ་ ངོས་འཛིན་འབད་མི་ཚུ་ནང་རྐྱངམ་གཅིག་ འབད་ཚུགས་ནི་མས་ཟེར་ ཚེ་དབང་ཏ་མང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་བཀག་སྨན་བཙུགས་ནིའི་དོན་ལུ་ ཁྱབ་མ་ཚུགས་པའི་ས་ཁོངས་ཚུ་དང་ ནད་གཞི་འཐོན་ནི་ལུ་ གནོད་ཉེན་ཆེ་བའི་ས་ཁོངས་ཚུ་ལུ་ གཙོ་རིམ་བཟུང་ཡོད་པའི་ཁར་ ས་མཚམས་ཚུ་ནང་ མི་ཚུ་ལུ་ ནད་བཀག་སྨན་བཙུགས་ཀྱི་ ཚད་གཞི་དེ་ ཡར་སེང་འབད་ནི་ཨིན་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པ་ཚུན་ བསམ་རྩེ་དང་ ཕུན་ཚོགས་གླིང་ དེ་ལས་ ཐིམ་ཕུག་ལས་ མི་ངོམ་༡༦ གིས་ ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ད་ རྒྱལ་ཁབ་ནང་ ནད་གཞི་རྩ་མེད་གཏང་ནི་ལུ་ གདོང་ལེན་སྦོམ་ཤོས་ར་ ས་མཚམས་རྒྱུན་འབྲེལ་འབུ་ནད་ལུ་བརྟེན་ བྱུངམ་མས་ཟེར་ ཚེ་དབང་ཏ་མང་གིས་ སླབ་ཡོདཔ་ཨིན།
ཚེ་དབང་ཏ་མང་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ ཨ་ལོ་ག་ར་གིས་ སྨན་བཙུགས་ཤོ་ཐེངས་༢ ངེས་པར་དུ་ བཙུགས་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ སྨན་མ་བཙུགས་པ་ཅིན་ ནད་གཞི་འཐོབ་ནིའི་ ཉེན་ཁ་ཡོད་པའི་ཁར་ ནད་གཞི་གཞན་འཐོབ་ནི་ཡང་ ཉེན་ཁ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ རྐྱངམ་གཅིག་ནང་ ནད་གཞི་དེ་ལུ་བརྟེན་ མི་གྲངས་༦༢༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་འབྱུང་ནི་ལས་ བཀག་འཛིན་འབད་ཚུགས་མི་དེ་ཡང་ འཛམ་གླིང་གསོ་བའི་ཚོགས་སྡེའི་ ཤར་ནུབ་ལུང་ཕྱོགས་ཀྱིས་ སྨན་བཙུགས་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ཨིནམ་ད་ སྤྱི་ལོ་༢༠༡༣ དང་༢༠༡༦ ལུ་ ཨ་ལོ་ས་ཡ་༡༠༧ དེ་ཅིག་གིས་ ཁ་སྐོང་སྨན་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ་དང་ བདེ་ཆེན་མཚོ་མོ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *