༉ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༩ ལུ་ མེ་གིས་འཚིགས་མི་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ མཛོད་ཁང་བསྐྱར་བཟོའི་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་འཛིན་གྱི་འགོ་དཔོན་ཚུ་དང་ཕྱདཔ་ད་ ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ཨིན་མི་ མཛོད་ཁང་དེ་ཡང་ གློག་མེ་ལུ་བརྟེན་ མེ་རྐྱེན་བྱུང་ཡོདཔ་ད་ ལོག་བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཁྲ་ཚུ་ བཟོ་ཚར་ཏེ་ཡོདཔ་ད་ ཁག་འབག་ལུ་སྤྲོད་ནིའི་དོན་ལས་ གྲ་སྒྲིག་ཡོདཔ་བཞིན་དུ་ ད་ལྟོ་ ཁྱིམ་ཉེན་བཅོལ་འབད་མི་ འབྲུག་ཉེན་སྲུང་ཚད་འཛིན་གྱིས་ ཁྱིམ་བརྡལ་བཤིག་གཏང་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
འབྲུག་ཟ་སྤྱོད་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ བཟོ་སྐྲུན་འགོ་བཙུགས་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་ལས་ ད་ལྟོ་ ལམ་ལུགས་དང་འཁྲིལ་ འབྲུག་ཉེན་སྲུང་ཚད་འཛིན་གྱིས་ ཁྱིམ་བརྡལ་གཏང་དགོཔ་ཨིན་ཟེར་ཨིན་པས།
ཤོང་ཚད་ མེ་ཊིག་ཊཱོན་༡,༧༠༠ དེ་ཅིག་འབད་མི་ མཛོད་ཁང་དེ་ སྤྱི་ལོ་༡༩༩༤ ལུ་ བཟོ་སྐྲུན་འབད་ཡོདཔ་ད་ མེ་རྐྱེན་བྱུང་བའི་སྐབས་ དངུལ་ཀྲམ་ས་ཡ་༡༩ དེ་ཅིག་གནས་པའི་ ཟ་ཆས་ཚུ་ མེ་གིས་འཚིགས་ཡོདཔ་ཨིན་པས།
མཛོད་ཁང་དེ་ ཅ་ཆས་དང་སྦྲགས་ དངུལ་ཀྲམ་ས་ཡ་༢༦ སྦེ་ ཉེན་བཅོལ་འབད་ཡོདཔ་ད་ འབྲུག་གཉེན་བཅོལ་ཚད་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁྱིམ་བཤིག་གཏང་ནིའི་ལཱ་ཚུ་ འཕྲལ་མགྱོགས་ར་ ཁག་འབགཔ་ལུ་ སྤྲོད་ནིའི་རེ་བ་ཡོད་ཟེར་ཨིན་པས།
སློབ་གྲྭ་ཁག་གི་ འཛམ་གླིང་ཟ་སྤྱོད་ལས་རིམ་གྱི་ཟ་ཆས་དང་ ཤར་ཕྱོགས་རྫོང་ཁག་༦ གི་ ཟ་ཆས་ཚུ་ ལུང་ཕྱོགས་མཛོད་ཁང་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ རྐྱེན་ངན་བྱུང་བའི་ཤུལ་ལས་ བཀྲ་ཤིས་སྒང་ཁྲོམ་དང་ འཁང་མ་ལུ་ཡོད་པའི་མཛོད་ཁང་ དེ་ལས་ མོང་སྒར་དང་ ངང་ལམ་གྱི་མཛོད་ཁང་ཚུ་ནང་ ཕུན་ཚོགས་གླིང་ལུ་ཡོད་པའི་ མཛོད་ཁང་ལྟེ་བ་གིས་ ཕྲངམ་ཕྲང་སར་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
དེ་ལས་ བཀྲ་ཤིས་གཡང་རྩེ་དང་ བཀྲ་ཤིས་སྒང་ཝམ་རོང་དང་ རང་འབྱུང་ པདྨ་དགའ་ཚལ་ནང་སྐོར་ལུ་ཡོད་པའི་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ ཡན་ལག་མཛོད་ཁང་ཚུ་ནང་ བསམ་གྲུབ་ལྗོངས་མཁར་ལུང་ཕྱོགས་ཡིག་ཚང་གི་ མཐའ་འཁོར་ལུ་ཡོད་པའི་ མཛོད་ཁང་ཆུང་ཀུ་ནང་ལས་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ བཀྲམ་སྤེལ་དང་འབྲེལ་བའི་དཀའ་ངལ་ བསལ་ཡོདཔ་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་དང་འཁྲིལཝ་ད་ ཁྱིམ་གྱི་གཞི་འགྱམ་དང་མཐའ་འཁོར་ཚུ་ རང་འཇགས་སྦེ་ བཞག་ཐོག་ལས་ ཕྱིའི་བཟོ་བཀོད་རྐྱངམ་གཅིག་ ལོག་རྐྱབ་ནི་ཨིནམ་ལས་ བཟོ་སྐྲུན་ལཱ་གི་དོན་ལུ་ ཟླཝ་༨ དེ་ཅིག་ལས་ མི་འགོར་བའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།