འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལས་འཛིན་ཚུ་གིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༦.༣ ལྷན་ཐབས།

༉ རྩིས་ལོ་༢༠༡༦-༡༧ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་འོག་གི་ ལས་འཛིན་ཚུ་གིས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༦.༣ དེ་ཅིག་ རྒྱལ་ཁབ་ཀྱི་ ནང་འཁོད་འོང་འབབ་ལུ་ ལྷན་ཐབས་འབད་ནུག།
ཨིན་རུང་ འདས་པའི་ལོ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ ལས་འཛིན་དེ་ཚུ་གི་ འོང་འབབ་བརྒྱ་ཆ་༥.༩༦ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
འོང་འབབ་ལྷན་ཐབས་འབད་མིའི་གྲངས་སུ་ ཁྲལ་དངུལ་ཀྲམ་ཐེར་འབུམ་༢.༣ དང་ བགོ་བཤའི་ཁེ་སང་ དངུལ་ཀྲམ་ཐེར་འབུམ་༤ སྤྲོད་མི་དེ་ཚུད་ནུག།

ཁ་ཙ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལོ་བསྟར་སྙན་ཞུ་༢༠༡༧ ཅན་མ་ གསར་བཏོན་འབདཝ་ད་ བཀོད་ཁྱབ་གཙོ་འཛིན་ དྲགོས་ཀརྨ་འོད་ཟེར་རལ་གྲི་གིས་ འདས་པའི་ལོ་ཚུ་ནང་ལས་ ལས་འབྲེལ་གྲུབ་འབྲས་ཚུ་ ཡར་དྲག་སོང་ཡོདཔ་མ་ཚད་ འཛིན་སྐྱོང་ལམ་ལུགས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ལས་སྡེ་ཚུ་གི་ ལས་འབྲེལ་གནས་ཚད་དེ་ འཇོན་ཐངས་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་བཤད་ཅི།
མ་གཞི་ ལོ་དེ་ནང་ ལས་སྡེ་ཚུ་ལུ་ གདོང་ལེན་བྱུང་སྟེ་འབད་རུང་ རང་སོའི་ལཱ་ཚུ་ མཐར་འཁྱོལ་བྱུང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ གློག་མེའི་ནུས་ཤུགས་རྒྱུན་ལམ་དེ་ མར་བབས་སོང་མི་ལུ་བརྟེན་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ ཁེ་སང་བརྒྱ་ཆ་༨.༥ དེ་ཅིག་ མར་བབས་སོང་པའི་ཁར་ བཟོ་སྐྲུན་གྱི་ དཀའ་ངལ་བྱུང་མི་དེ་གིས་ འབྲུག་གློག་མེ་ལས་འཛིན་གྱི་ འོང་འབབ་བརྒྱ་ཆ་༡༦ དེ་ཅིག་ མར་བབས་སོང་རུང་ ལས་སྡེ་༢ ཀྱི་ སྤྱིར་བཏང་འོང་འབབ་ ལེགས་ཤོམ་ཐོན་ཏེ་ཡོད་ཟེར་ཨིན་པས།
འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ གཞུང་ལུ་ ཁྲལ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ཐེར་འབུམ་༥.༠༨ དེ་ཅིག་ བཟོ་མི་དེ་ ལས་སྡེ་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ འབྲུག་གློག་མེ་ལས་འཛིན་གྱིས་ ཁེ་སང་དངུལ་ཀྲམ་ཐེར་འབུམ་༡.༣༢ དེ་ཅིག་ བཟོ་ཡོདཔ་ཨིན་པས།
ལས་སྡེ་༢ ཀྱིས་ ལོ་དེ་ནང་ འོང་འབབ་ཡོངས་བསྡོམས་ལས་ བརྒྱ་ཆ་༨༥ དེ་ཅིག་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལུ་ བྱིན་ཡོདཔ་ཨིན་པས།
རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ བྱེམ་དང་ ཤིང་ཆས་ཀྱི་ གོང་ཚད་མར་ཕབ་འབད་རུང་ ལོ་དེ་ནང་ ཁེ་སང་བརྒྱ་ཆ་༤༥ དེ་ཅིག་བཟོ་ནུག། དེ་འབདཝ་ད་ ས་གཏེར་ཁག་འབགཔ་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༧༥ དེ་ཅིག་ སྤྲོད་དགོཔ་བྱུང་མི་ལུ་བརྟེན་ གྱོང་རྒུད་ཕོག་ནུག།
རྒྱལ་ཁམས་ས་གཏེར་ལས་འཛིན་ གཞི་བཙུགས་འབད་དེ་ ལོ་༢ ལས་བརྒལ་ མ་ལང་རུང་ གཞུང་ལུ་ཁྲལ་བཏབ་སྟེ་ ཁེ་སང་དངུལ་ཀྲམ་ས་ཡ་༦༧.༣༩ བཟོ་ཚུགས་མི་དེ་ ཡ་མཚན་ཆེ་དགོཔ་ཅིག་ཨིན་མས་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤད་ཅི།
བརྡ་དོན་དང་ སྐྱེལ་འདྲེན་གྱི་ཐད་ཀར་ འབྲུག་བརྒྱུད་འཕྲིན་གྱིས་ ཁེ་སང་དངུལ་ཀྲམ་ས་ཡ་༨༢༨.༩༡ དེ་ཅིག་ བཟོ་སྟེ་ཡོདཔ་བཞིན་དུ་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ སྤྱི་ལོ་༢༠༢༧ ལུ་ ལས་འབྲེལ་གྲུབ་འབྲས་ དྲག་ཤོས་ཐོན་ཡོད་མི་དེ་ཡང་ ལས་འཛིན་གྱིས་ གཞུང་ལུ་ ཁྲབ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ས་ཡ་༣༤༨.༦༢ དེ་ཅིག་ བཟོ་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ རྟ་མགྲིན་དབང་ཕྱུག་གིས་ ད་རེས་ ལས་འཛིན་གཞི་བཙུགས་འབད་དེ་ ལོ་༣༥ ལང་པའི་ཤུལ་ལས་ ཁེ་སང་རྒྱ་ཆེ་དྲགས་སྦེ་ བཟོ་མི་དེ་ འགོ་དང་པ་ཨིན་ཟེར་བཤད་ཅི།
དེ་ཡང་ ལས་འཛིན་གྱི་ འཆར་དངུལ་ལམ་ལུགས་དེ་ བསྒྱུར་བཅོས་དང་ གནམ་གྲུའི་ལག་ལེན་འཐབ་ཐངས་ དེ་ལས་ ཟད་འགྲོ་མར་ཕབ་འབད་མི་ལུ་བརྟེན་ཨིན་ཟེར་བཤད་ཅི།
སྤྱི་ལོ་༢༠༡༧ ལུ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ རིང་གོང་དངུལ་ཀྲམ་ས་ཡ་༡༣.༣༦ གནས་པའི་ དེང་སང་གི་འཕྲུལ་ཆས་ཚུ་ ཉོ་མི་དང་ དངུལ་ཀྲམ་ས་ཡ་༢.༢༤༡ དེ་ཅིག་ ལོག་ཐོབ་མ་ཚུགས་མི་ལུ་བརྟེན་ རྒུད་ཕོག་ནུག།
དེ་ལས་ འབྲུག་ཤིང་བཟོ་ལྟེ་བ་གིས་ ལོ་དེ་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༨༥.༩༤ དེ་ཅིག་ བཏང་ཐོག་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༩༣.༥༡ བཟོ་ཡོད་རུང་ གཞུང་ལུ་ ཁྲབ་བཏབ་བའི་ཤུལ་ལས་ ལས་འཛིན་གྱིས་ ཁེ་སང་དངུལ་ཀྲམ་ས་ཡ་༤.༢༥ དེ་ཅིག་ བཟོ་ཡོདཔ་ཨིན་པས།
ཐིམ་ཕུག་བརྡ་དོན་གླིང་ག་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༤༨.༧༢ བཟོ་ཡོད་རུང་ ཁྲལ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ས་ཡ་༡༧.༢༤ དེ་ཅིག་ བཟོ་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ ཡར་འཕར་སོང་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་གིས་ ལོ་དེ་ནང་ ཟད་འགྲོ་ཡང་ རྒྱ་ཆེ་དྲགས་སྦེ་ར་ བཏང་ཡོདཔ་བཞིན་དུ་ འོང་འབབ་ཡང་ དངུལ་ཀྲམ་ས་ཡ་༣,༠༤༥.༢༨ དེ་ཅིག་ བཟོ་མི་ལས་ གཞུང་ལུ་ ཁྲབ་བཏབ་པའི་ཤུལ་ལས་ ཁེ་སང་དངུལ་ཀྲམ་ས་ཡ་༧༠༧.༥༢ དེ་ཅིག་ བཟོ་མི་དེ་ཡང་ ཧེ་མ་དང་ཕྱདཔ་ད་ བརྒྱ་ཆ་༢༤.༡༡ དེ་ཅིག་ མར་བབས་སོང་ནུག།
དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ པདྨ་ཨེན་ན་དཱིག་གིས་ སླབ་མིའི་ནང་ མ་གཞི་ ལོ་དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྐྱིན་འགྲུལ་གྱི་ ཚད་གཞི་དེ་ མར་ཕབ་འབད་རུང་ གྲུབ་འབྲས་ལེགས་ཤོམ་ ཐོན་ཚུགས་ཅི་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་འཛིན་གྱིས་ སྤྱི་ལོ་༢༠༡༧ ནང་ འོང་འབབ་བཟོ་མ་ཚུགས་མི་དེ་ཡང་ ཟད་འགྲོ་མང་ཤོས་ར་ སྐྱིན་ཚབ་བཏབ་མི་ལུ་བརྟེན་ཨིན་པས།
དེ་མ་ཚད་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འོགམ་ ཀརྨ་དགེ་ལེགས་ཀྱིས་འབད་བ་ཅིན་ ཅ་དངོས་དང་ ཞབས་ཏོག་གི་ཁྲལ་ དེ་ལས་ རྒྱ་གར་གྱི་ རུ་པི་༥༠༠ དང་ སྟོང་ལོར་ཚུ་ གནས་གོང་མེདཔ་བཟོ་མི་དེ་གིས་ ཟླཝ་༢ དེ་ཅིག་ ཐོན་སྐྱེད་འབད་མ་ཚུགས་པར་ ལུས་མི་ལུ་བརྟེན་ རྒུད་ཕོག་ཅི་ཟེར་ཨིན་པས།
རྒྱལ་སྤྱི་ཀུ་ཕུ་ཀུ་སྒེར་ལས་སྡེ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༣༥.༨༠ དང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༡.༧༨ བཏང་ཡོདཔ་བཞིན་དུ་ གཞུང་ལུ་ ཁྲབ་བཏབ་སྟེ་ ཁེ་སང་དངུལ་ཀྲམ་ས་ཡ་༤.༠༡ དེ་ཅིག་ བཟོ་ཡོདཔ་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་འོག་ལུ་ གློག་མེ་དང་ བརྒྱུད་འཕྲིན་ དངུལ་ཁང་ལ་སོགས་པ་བརྩིས་ཏེ་ ལས་འཛིན་༢༦ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *