འབྲུག་མི་ཡོངས་ལུ་ ཁེ་ཕན་འབྱུང་སྲིད་པའི་ལེགས་བསྒྱུར།

༉ ད་རིས་ རྒྱལ་ཡོངས་ཚོགས་འདུ་ནང་ འབྲུག་གི་ལྟ་བཤལ་གྱི་ཁྲལ་བསྡུ་བླང་ འཕྲི་སྣོན་དཔྱད་ཡིག་༢༠༢༢ ཅན་མ་གུ་ གསུང་གྲོས་གནང་ནིའི་ ལས་རིམ་ཡོདཔ་བཞིན་དུ་ འཐུས་མི་ཚུ་གི་བར་ན་ ཡུན་བརྟན་གོང་འཕེལ་གྱི་ མ་དངུལ་བསྡུ་བླང་དེ་ ཉིནམ་རེ་ལུ་ ལྟ་བཤལཔ་རེ་ལས་ ཡུ་ཨེསི་ཌོ་ལར་༢༠༠ རེ་ བཀལ་ནིའི་གྲོས་གཞི་ནང་ རྩོད་འགྲན་སྦོམ་སྦེ་ར་ འབྱུང་ནི་བཟུམ་འདུག།

ག་འཆར་ཟེར་བ་ཅིན་ གཞུང་གིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ ཚོགས་ཁང་ནང་ ལྟ་བཤལ་གྱི་ཁྲལ་བསྡུ་བླང་དཔྱད་ཡིག་ ངོ་སྤྲོད་འབད་ཞིནམ་ལས་ཚུར་ འཆར་གཞི་དང་ ཐབས་ལམ་ དེ་ལས་ གཞི་བསྒྱུར་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ ཁ་གསལ་ཚུ་ བརྗེ་སོར་འབདཝ་བཞིན་དུ་ ཚ་གྱང་བཤད་མི་དང་ གྲོས་འདེབས་བཀོད་མི་ཡང་ ལེ་ཤ་ཐོན་ནུག། 

ལ་ལོ་གིས་ ཡུན་བརྟན་གོང་འཕེལ་གྱི་ མ་དངུལ་བསྡུ་བླང་དེ་ ཚར་གཅིག་གུ་ ཌོ་ལར་༢༠༠ ཡར་སེང་འབད་ནི་མེན་པར་ གོ་རིམ་བཟོ་སྟེ་ བཀལ་དགོཔ་སྦེ་ བསམ་འཆར་བཀོད་དོ་ཡོདཔ་ད་ དཔྱད་ཡིག་དེ་ལུ་རྐྱངམ་གཅིག་མེན་པར་ ཁྲལ་རིགས་ཡར་སེང་འབདཝ་ད་ མི་ཚུ་གིས་ ཉོགས་བཤད་བཀོད་ནི་དེ་ རང་བཞིན་ཅིག་ཨིནམ་ལས་ ཚ་གྱང་དང་ རྣམ་རྟོག་ལང་དགོཔ་མེད་ཟེར་ཡང་ སླབ་མི་འདུག།

ཁེ་གྱོང་ཡོད་མི་ཚུ་གིས་ ཚ་གྱང་ཡོད་ལུགས་ བཤད་མི་དེ་ཡང་ ཉིནམ་རེ་ལུ་ ལྟ་བཤལཔ་རེ་ལུ་ ཌོ་ལར་༢༠༠ རེ་ ཁྲལ་བཀལ་བ་ཅིན་ ལྟ་བཤལ་གོང་འཕེལ་མེན་པར་ ཟ་ཁང་དང་ ལྟ་བཤལ་ལས་སྡེ་ཚུ་ ཡར་ལོང་མ་ཚུགས་པར་ སྒོ་བསྡམ་དགོཔ་ འཐོན་ནི་དང་ ལྟ་བཤལ་ལམ་སྟོན་པ་ཚུ་གི་ ལཱ་གཡོག་བྱང་ནི་ དེ་ལས་ ལྟ་བཤལ་གྱི་ འོང་འབབ་མར་འབབ་འགྱོ་ཐོག་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཉམས་འགྱོ་ནིའི་ ཉེན་ཁ་མཐོང་མི་ལུ་བརྟེན་ཨིན་མས།

དེ་སྦེ་ ཚ་གྱང་བཤད་མི་ཚུ་ ཡིད་ཆེས་འདྲོངས་ཚུགས་པའི་ གནད་དོན་ཅིག་ཨིན་རུང་ གཞུང་གིས་ ལྟ་བཤལ་སྲིད་བྱུས་ གཞི་བསྒྱུར་འབད་མི་ལུ་ཡང་ གཞི་ཁུངས་སྦོམ་ཡོད་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་དེ་ ཧ་ལམ་ ཞི་མི་དང་བསྟུན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་སླར་གསོ་འབད་ནི་དང་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་ཚུགསཔ་བཟོ་ནི་གི་ དམིགས་གཏད་རྐྱངམ་གཅིག་མེན་པར་ མ་འོངས་པའི་མདུན་ལམ་ ལེགས་ཤོམ་བཟོ་ཐབས་ལུ་ཨིན་མས།

སྲིད་བྱུས་བསྒྱུར་བཅོས་དང་ ཡང་ཅིན་ གཞི་བསྒྱུར་གསརཔ་ ག་ཅི་ར་ འགོ་བཙུགས་རུང་ འགོ་ཐོག་སྐབས་ དེ་ལུ་ ཕན་གནོད་ཀྱི་ བསམ་ཞིམ་མ་འབད་བར་ གདོང་རྒོལ་འབད་མི་འཐོན་མི་སྲིད་ཟེར་ སླབ་མི་ཚུགས། 

དཔྱེ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཞི་གཡོག་ནང་ གཞི་བསྒྱུར་གྱི་ བྱ་རིམ་ལག་ལེན་འཐབ་ནི་ འགོ་བཙུགསཔ་ད་ བྱ་རིམ་དེ་ལུ་ དགའ་མི་དང་ མ་དགའ་མི་གཉིས་ཆ་ར་ཡོད་པའི་ གནད་དོན་ཚུ་ཐོན་ཡི།

ད་རེས་ གཞུང་སྐྱོང་གི་ཁ་ཐུག་ལས་ ཁོང་ལུ་ སྲིད་དོན་དང་འབྲེལ་བའི་ གནོད་པ་འབྱུང་ཉེན་ཡོད་པའི་སྐོར་ ཤེས་བཞིན་དུ་ སྙིང་སྟོབས་ཅན་གྱི་ གྲོས་ཐག་བཅད་མི་དེ་ཡང་ ལྟ་བཤལ་ལུ་བརྟེན་པའི་ ཁེ་ཕན་སྤྱོད་མི་ དུས་རྒྱུན་གྱི་ལས་སྡེ་ ལྟ་བཤལ་དང་ ཟ་ཁང་ཚོང་སྡེ་ ལྟ་བཤལ་ལམ་སྟོན་པ་དང་ དེད་གཡོགཔ་ཚུ་ལུ་མེན་པར་ གྲོང་གསེབ་ཀྱི་ སོ་ནམ་པ་ལས་འགོ་བཟུང་ འབྲུག་པའི་མི་སེར་ཡོངས་ལུ་ ཕན་ཐོགས་ཚུགས་ནི་དང་ འབྲུག་གི་མ་འོངས་གནས་སྟངས་ རྩ་བརྟན་བཟོ་ནི་ལུ་དམིགས་ཏེ་ཨིན་མས།

དེ་གི་ནང་ལས་ ལྟ་བཤལཔ་ཚུ་ལས་ བསྡུ་བླང་འབད་མི་ཁྲལ་གྱི་ འོང་འབབ་དེ་ རྒྱལ་ཁབ་ནང་འཁོད་ལུ་ འཁོར་ལམ་དང་ བརྒྱུད་འབྲེལ་མཐུན་རྐྱེན་ གཞི་རྟེན་ཁང་ལ་སོགས་པ་ ཡར་དྲག་གཏང་ནི་དང་ གསར་བཟོ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ལས་ མཐའ་ཟུར་གྱི་ མི་སེར་ཚུ་གིས་ཡང་ ཁེ་ཕན་སྤྱོད་ཚུགས་ནི་ཨིན་མས།

གཞུང་གི་ གྲོས་ཆོད་ལུ་བརྟེན་ འབྱེམ་ཕོག་ཉེན་ཡོད་མི་ ཁེ་གྱོང་པ་ལ་ལོ་ཅིག་གིས་ སྤྱི་ལོ་༢༠༢༣ ལུ་ གཞུང་གི་གནས་སྟངས་དེ་ བལྟ་གེ་ཟེར་ ལོ་རྒྱུས་སླབ་སར་ཡང་གོཝ་མས།

གནད་དོན་དེ་ ག་དེ་སྦེ་ར་ཨིན་རུང་ ལྟ་བཤལ་གྱིས་ འབྲུག་མི་ཡོངས་ལུ་ ཁེ་ཕན་འབྱུང་ནི་ཨིན་པ་ཅིན་ ང་བཅས་ཀྱི་ ཁ་ཐུག་ལས་ ལྟ་བཤལ་སྲིད་བྱུས་ཀྱི་ ལེགས་བསྒྱུར་ལུ་ རྒྱབ་སྐྱོར་འབད་དགོཔ་མ་ཚད་ ལྟ་བཤལ་གྱི་ འོང་འབབ་ཚུ་ འབྲུག་འདི་ ཕྱི་མི་ཚུ་གི་དོན་ལུ་ ལྟ་སྐོར་འབད་བར་ འོང་དགོ་མནོ་སི་སིའི་ ཡུལ་ཅིག་སྦེ་ བཟོ་ནི་ཨིན་པ་ཅིན་ ངེས་པར་དུ་ མཉམ་འབྲེལ་འབད་དགོ།

འདི་འབདཝ་ལས་ སྤྱི་ཚོགས་ཀྱིས་འབད་རུང་ གསུང་གྲོས་གནངམ་ད་ འཕྲལ་གྱི་མཐའ་དོན་དང་ ལྟ་བཤལ་ལུ་བརྟེན་པའི་ ཚོང་འབྲེལ་འཐབ་མི་དང་ ལཱ་གཡོག་འབད་མི་ ཆ་ཤས་ཅིག་ལུ་ ཐུགས་བཞེས་མ་གནང་པར་ ཕུགས་ཀྱི་མཐའ་དོན་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ལྟ་བཤལ་གཞི་བསྒྱུར་གྱི་ འབད་རྩོལ་དང་ ཐབས་ལམ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *