༉ ཁ་ཙ་ལས་ འགོ་བཙུགས་མི་ རྒྱལ་ཡོངས་ཚོགས་སྡེའི་ འགྲེམ་ཐོག་ཚོགས་རྒྱན་ལྷན་ཐབས་ས་ཁོངས་ ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ལམ་ལུགས་ནང་ རྫོང་ཁག་༢༠ གི་ མི་དམངས་འཛོམས་སའི་ ཁྲོམ་དང་ཡིག་ཚང་ཚུ་ནང་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ འཛོམས་ཐོག་ལས་ ཚོགས་རྒྱན་བཙུགས་དོ་ཡོདཔ་ཨིན་པས།
ཞབས་ཏོག་དེ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ལྷན་ཐབས་ས་ཁོངས་ཚུ་ནང་སོང་སྟེ་ འགྲེམ་ཐོག་ཚོགས་རྒྱན་དེ་ བཙག་འཐུ་འགོ་དཔོན་ཚུ་ལུ་ བྱིན་དོ་ཡོདཔ་ད་ ཚོགས་རྒྱན་གྱི་ཞབས་ཏོག་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ གི་བར་ན་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཁ་ཙ་ ཞབས་ཏོག་འགོ་བཙུགས་པའི་སྐབས་ ཐིམ་ཕུག་གི་ ཚོགས་རྒྱན་བཙུགས་སའི་ ལྷན་ཐབས་ས་ཁོངས་༡༠ གཞི་བཙུགས་འབད་སར་ རྫོང་ཁག་སོ་སོའི་མི་ཚུ་གིས་ ཞབས་ཏོག་ལེན་ཡོདཔ་ད་ ལྕང་གླིང་མི་ཐང་ལུ་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་དེ་ ཕོ་དང་མོ་སྦེ་ དབྱེ་སྟེ་ཡོདཔ་ཨིན་པས།
དེའི་གྲས་ཁར་ གཅིག་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ལཱ་འབད་མི་ ལྷ་སྐྱིད་སྒྲོལ་མ་ཨིནམ་ད་ མོ་གིས་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ལུ་ ཚོགས་རྒྱན་གྱི་ཞབས་ཏོག་ལེན་པར་འོང་པའི་ཤུལ་ལུ་ དུས་ཡུན་སྐར་མ་དག་པ་ཅིག་ནང་ ཚོགས་རྒྱན་བཙུགས་ཚར་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ དྲོ་པ་ཞབས་ཏོག་ལེན་མི་ གངམ་མེདཔ་ལས་ གྱལ་ནང་བཙར་སྡོད་དགོཔ་ མ་འཐོན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དེ་བཟུམ་གྱི་ ཞབས་ཏོག་འགོ་འདྲེན་འཐབ་མི་དེ་གིས་ མི་སེར་ཚུ་ལུ་ བྱ་སྟབས་བདེ་ཏོག་ཏོ་འོང་ཡི་ཟེར་ཨིནམ་ད་ དེ་གིས་ མི་མང་ཤོས་ཅིག་གིས་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་འདུག་ཟེར་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཐོ་དང་འཁྲིལ་བ་ཅིན་ འབྲུག་མི་༥༩,༧༤༩ གིས་ ཚོགས་རྒྱན་དེ་ འགྲེམ་ཐོག་རྒྱན་ཤོག་ ལྷན་ཐབས་ས་ཁོངས་ཐོག་ལས་ བཙུགས་ནི་སྦེ་ ཐོ་བཀོད་འབད་ཡོདཔ་ད་ དེ་ཚུ་ཡང་ སྤྱི་གཡོགཔ་དང་ སློབ་ཕྲུག་ དེ་ལས་ སྤྱིར་བཏང་མི་སེར་ཚུ་ཨིན་པས།
ཡོངས་བསྡོམས་༤༩,༧༤༩ ལས་ བརྒྱ་ཆ་༦༧ དེ་ཅིག་ རྫོང་ཁག་སོ་སོའི་མི་ཚུ་ཨིནམ་ད་ འགྲེམ་ཐོག་རྒྱན་ཤོག་དེ་ ལྷན་ཐབས་ས་ཁོངས་ཐོག་ལས་ ཞབས་ཏོག་བྱིན་ནིའི་དོན་ལུ་ ས་ཁོངས་༦༩ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་བཟུམ་གྱི་ ལམ་ལུགས་བཟོ་མི་དེ་ཡང་ འབྲུག་མི་ཚུ་གིས་ ཚོགས་རྒྱན་ནང་ ལེགས་ཤོམ་སྦེ་བཅའ་མར་གཏོགས་ནིའི་དོན་ལུ་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ མགྲིན་ཚབ་ བསོད་ནམས་སྟོབས་རྒྱས་ཀྱིས་བཤད་ཅི།
ལྷན་ཚོགས་ཀྱིས་འབད་བ་ཅིན་ འབྲུག་མི་༨༠༠ ལྷགཔ་ཅིག་གིས་ དམིགས་བསལ་གྱི་ ཚོགས་རྒྱན་བཙུགས་ནིའི་ ཞབས་ཏོགས་ལེན་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ཡོད་ཟེར་ཨིནམ་ད་ ཞབས་ཏོག་སྤྱོད་མི་དེ་ དབང་པོ་དང་ཡན་ལག་ལུ་ ཐོ་ཕོག་མི་དང་ ནདཔ་དང་གསོ་བའི་ལས་བྱེདཔ་ དེ་ལས་ བཙན་པ་ཚུ་ བྱིན་དོ་ཡོདཔ་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་ལུ་ འགྲེམ་ཐོག་རྒྱན་ཐོག་བཙུགས་ནིའི་ ཞབས་ཏོག་དེ་ ཁོང་ག་ཏེ་ཡོད་སར་ བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱལ་བར་འབག་དོ་ཟེར་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་བྱིན་མི་དེ་ འབྲུག་མི་སྤྱིར་བཏང་ལུ་ ཚོགས་རྒྱན་སྐྱུར་ནི་དེ་ རང་སོའི་ཁྱད་དབང་འབད་ནི་དེ་གིས་ཨིན་པས།
ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་གྱི་ལམ་ལུགས་དེ་ འཕྲུལ་ཆས་ལག་ལེན་འཐབ་དོ་བཟུམ་སྦེ་ར་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་གིས་ རང་སོའི་ངོས་འཛིན་འདྲ་པར་དེ་ འབག་འོང་དགོཔ་ད་ དེ་བསྒང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ ཚོགས་སྡེའི་འདེམས་ངོ་ཡོད་མི་ འབྲི་ཤོག་དེ་ ཚོགས་རྒྱན་བཙུགས་མི་ལུ་བྱིན་པའི་ཤུལ་ལས་ མི་ངོམ་དེ་གིས་ རྟགས་བཀལཝ་ཅིག་ ཡིག་སྣོད་ལི་ཕར་ནང་བསྡམ་སྟེ་ ལོག་ཚོགས་རྒྱན་འགོ་དཔོན་ཚུ་ལུ་ སྤྲོད་དོ་ཡོདཔ་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ འགྲེམ་ཐོག་རྒྱན་ཤོག་གི་ ཞབས་ཏོག་དེ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་པའི་ཤུལ་ལས་ ཚོགས་རྒྱན་ཚུ་ རང་སོའི་རྫོང་ཁག་ཚུ་ནང་ གཏང་ནི་ཨིནམ་ད་ དེ་ཚུ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ གསང་བའི་ཚོགས་རྒྱན་ འགོ་འདྲེན་འཐབ་པའི་སྐབས་ ཁ་ཕྱེ་ནི་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།