ཚོང་འབྲེལ་འགྲེམས་སྟོན་གྱི་ ཉིནམ་མzཇུག་ལུ་ འབྲུག་མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ ཚོང་ཉོ་བའི་བསྒང་།

འབྲུག་མི་ཚུ་གིས་ ཚོང་འབྲེལ་འགྲེམས་སྟོན་ལུ་ ངོས་ལེན་ལེགས་ཤོམ་ཡོདཔ།

ཁ་ཙ་མཇུག་བསྡུ་མི་ རྒྱལ་སྤྱི་ཚོང་འབྲེལ་འགྲེམས་སྟོན་ཐེངས་༧ པའི་ ཉིནམ་མཇུག་ལུ་ འབྲུག་མི་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཚོང་ཉོ་བར་ འཛོམས་མི་ལུ་བལྟ་བ་ཅིན་ འབྲུག་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ལས་ ཐོན་སྐྱེད་འབད་མི་ ཅ་ལ་གི་རིགས་ཚུ་ལུ་ སྤྲོ་བ་སྦོམ་སྦེ་ར་ བསྐྱེད་དོ་ཡོདཔ་ཨིན་པས།

ཚོང་འབྲེལ་འགྲེམས་སྟོན་དེ་ ཐིམ་ཕུག་ལྕང་གླིང་མི་ཐང་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ཁ་ཙ་ མཇུག་བསྡུའི་ཉིནམ་ལུ་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ སྣུམ་འཁོར་ལྟེམ་ལྟེ་སྦེ་ གང་ནི་དེ་གིས་ ཚོད་བསྲེ་ཁྲོམ་དང་ ཁྲོམ་གོང་འོག་ དེ་ལས་ ཐིམ་ཕུག་རྗེས་དྲན་མཆོད་རྟེན་གྱི་ ས་ཁོངས་ཚུ་ག་ར་ སྣུམ་འཁོར་གྱིས་ གང་སོ་ནུག།

དེ་མ་ཚད་ སྣུམ་འཁོར་མང་ཤོས་ཅིག་ བཞག་སའི་ས་གོ་མེདཔ་ལས་ རྒྱུན་འགྲུལ་བཀག་ཡོད་པའི་ དཀའ་ངལ་ཐོན་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ ཆུ་བར་ཆུ་དང་ ཚོད་བསྲེ་ཁྲོམ་ ན་གཞོན་གོང་འཕེལ་ དེ་ལས་ རྗེས་དྲན་མཆོད་རྟེན་གྱི་ ས་ཁོངས་ཚུ་ནང་ ཆུ་ཚོད་ལས་བཅད་དེ་ རྒྱུན་འགྲུལ་བཀག་ཐོག་ལས་ ཐོགས་ལུས་ཡོདཔ་ཨིན་པས།

མ་གཞི་ འགྲེམས་སྟོན་དེ་ ཉིནམ་༥ གི་རིང་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ མི་ཚུ་གིས་ ཉིན་མཇུག་ལུ་ག་ཐོབ་རྐྱབ་སྟེ་ སྤུངས་འཛོམས་འབད་མི་དེ་ཡང་ དེ་བསྒང་ཅ་ཆ་ཚུ་ གོང་ཚད་བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་རྐྱབ་སྟེ་ ཐོབ་ནི་དེ་གིས་ཨིནམ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ ཉིནམ་དང་པའི་སྐབས་ རིང་ཚད་ཕིཊ་༡ འབད་མི་ ནེ་པཱལ་གྱི་ སྤྱན་རས་གཟིགས་ཀྱི་ སྐུ་འདྲ་རེ་ལུ་ གོང་ཚད་དངུལ་ཀྲམ་༢༥,༠༠༠ དེ་ཅིག་སླབ་མི་དེ་ ཁ་ཙ་ དངུལ་ཀྲམ་༡༥,༠༠༠ སྦེ་ བཙོང་ནུག།

འབྲུག་མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ གོང་ཚད་དེ་ ཉིནམ་མཇུག་ལུ་ ལེ་ཤ་གིས་ མར་བབས་འགྱོ་མི་དེ་ཡང་ ཚོང་མགྲོན་པ་ཚུ་གིས་ ཅ་ལ་ཚུ་ ལོག་འབག་འགྱོ་ནི་ལུ་ ཉམས་འཚེར་ནི་དེ་གིས་ གོང་ཚད་རན་ཏོག་ཏོ་སྦེ་ བཙོངམ་མས་ཟེར་ཨིན་པས།

སྐུ་དང་མཆོད་ཆས་ཀྱི་རིགས་ ཚོང་འབྲེལ་འཐབ་མི་ ནེ་པཱལ་ བོ་དྷི་ཅི་ཏའི་ཇོ་བདག་ ས་ནུ་ བཱ་བུ་ཏ་མཱང་གིས་ སླབ་མིའི་ནང་ ཅ་ཆས་ཀྱི་གོང་ཚད་ཚུ་ ཉིན་མཇུག་ལུ་ མར་ཕབ་སྟེ་ བཙོང་དགོ་མི་དེ་ཡང་ ཅ་ལ་ཚུ་ ལོག་རྒྱལ་ཁབ་ནང་ འབག་འགྱོ་བའི་སྐབས་ སྐྱེལ་འདྲེན་གྱི་འཐུས་ ཕོག་དོ་ཡོདཔ་ལས་ གོང་ཚད་མར་ཕབ་རྐྱབ་སྟེ་ བཙོང་པ་ཅིན་ ཁེ་སང་ཆེ་བས་ཟེར་ཨིན་པས།

ཁོ་གིས་ ཉིནམ་དང་པའི་སྐབས་ ཟངས་ཀྱིས་བཟོ་མི་ མནྜལ་ཚོམ་བུ་དེ་ལུ་ དངུལ་ཀྲམ་༦,༠༠༠ སྦེ་བཙོང་མི་དེ་ ཁ་ཙ་ དངུལ་ཀྲམ་༢,༩༠༠ སྦེ་བཙོང་ཡོདཔ་ད་ དེ་བཟུམ་སྦེ་ གོང་ཚད་མར་ཕབ་ཐོག་ལས་ ཚོང་པ་མང་ཤོས་ཅིག་གིས་ བཙོང་ཡོདཔ་ད་ ཚོང་འབྲེལ་འགྲེམས་སྟོན་ནང་ འབྲུག་དང་ རྒྱ་གར་ དེ་ལས་ ནེ་པཱལ་རྒྱལ་ཁབ་ཚུ་ལས་ བཅའ་མར་གཏོགས་ནུག།

དེ་འབདཝ་ད་ ལ་ལོ་ཅིག་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གི་སེམས་ཁར་ ཅ་ལ་གི་གོང་ཚད་དེ་ ཉིནམ་མཇུག་ལུ་མར་ཕབ་ཐོག་ལས་ ཐོབ་མི་དེ་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་བ་ཅིན་ ཚོང་མགྲོན་པ་ཚུ་གིས་ ཅ་ལ་གི་གོང་ཚུ་ ལོག་ལྟབ་ཀྱིས་ ཡར་སེང་འབད་དེ་ བཙོང་བའི་སྐབས་ བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་མི་དེ་ ཚོང་གི་སྲིད་བྱུས་འོང་ཟེར་ཨིན་པས།

འབྲུག་རྒྱལ་སྤྱིའི་ཚོང་འབྲེལ་འགྲེམས་སྟོན་དེ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ལས་ ཚོང་འབྲེལ་འཐབ་སའི་ ས་ཁོངས་དེ་ ཚོགས་སྡེ་གིས་ ཐིམ་ཁྲོམ་ལས་ གླ་ཁར་ལེན་ཐོག་ལས་ ཚོང་མགྲོན་པ་ཚུ་ལུ་ ཁང་གླ་ནང་ སྤྲོད་དོ་ཡོདཔ་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཉིནམ་རེ་ལུ་ ཁང་གླ་དངུལ་ཀྲམ་༤༠,༠༠༠ སྤྲོད་དོ་ཟེར་ཨིནམ་ད་ འགྲེམས་སྟོན་ཉིནམ་༥ འགོ་འདྲེན་འཐབ་པའི་སྐབས་ ཚོགས་སྡེ་གིས་ ཁྲོམ་སྡེ་ལུ་ དངུལ་ཀྲམ་༢༠༠,༠༠༠ ལས་བརྒལ་མ་སྤྲོད་རུང་ ཁེ་སང་དེ་ སྦོམ་སྦེ་ར་ བཟོ་ཡོདཔ་ཨིན་པས།

དེ་ལས་ ཚོགས་སྡེ་གིས་ ཚོང་མགྲོན་པ་ཚུ་ལུ་ ཁང་གླ་ཁར་བཏང་མིའི་འཐུས་ ཚོང་པ་རེ་ལས་ དངུལ་ཀྲམ་༤༥.༠༠༠ ལེན་མི་དེ་ ཚོང་པ་༡༠༠ ལྷགཔ་ཅིག་ཡོད་ས་ལས་ འཐུས་རྐྱངམ་གཅིག་ར་ དངུལ་ཀྲམ་ས་ཡ་༤.༥ ལྷགཔ་ཅིག་ བསྡུ་ལེན་འབད་ནུག།

གནས་སྐབས་ཀྱི་ ཟ་ཁང་བཙུགས་སྡོད་མི་ བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ གླ་འཐུས་དང་བསྟུན་པའི་ཞབས་ཏོག་མིན་འདུག་ཟེར་ཨིནམ་ད་ དེ་ཡང་ འཐུང་ཆུ་ལངམ་སྦེ་མེདཔ་ལས་ བཞེས་སྒོ་ཚུ་ གཙང་སྦྲའི་ཐོག་ལས་ བཟོ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིནམ་ད་ དཀའ་ངལ་དེའི་སྐོར་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ སླབ་པ་ཅིན་ ཁོང་ལུ་མེན་པར་ ཁྲོམ་སྡེ་ལུ་ སླབ་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།

དེ་བཟུམ་སྦེ་ མཆོད་ཆས་བཙོང་མི་ ཡོ་གེཤི་ ཏ་མཱང་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ གློག་མེའི་རྒྱུན་ལམ་ཆད་པའི་སྐབས་ ཅ་ཆས་ཚུ་ ཨརཝ་ཤོར་ནིའི་ཉེན་ཁ་ཡང་འདུག་ཟེར་ཨིནམ་ད་ དཀའ་ངལ་དེ་ཚུ་ གདོང་ལེན་འབད་བ་ཅིན་ ཚོང་འབྲེལ་འགྲེམས་སྟོན་ལུ་ སྤྲོ་བ་བསྐྱེད་མི་དེ་ ལེ་ཤ་གིས་ ཡར་སེང་འགྱོ་ནིའི་ གོ་སྐབས་འདུག་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *