༉ ཁ་ཙ་ རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་ལས་སྡེ་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ འབྲུག་མི་༢༥ གིས་ མཐར་འཁྱོལ་དུས་སྟོན་ཐེངས་༤ པ་ བརྩི་སྲུང་འབད་ཡི།
དེ་ཡང་ ཟ་ཁང་ནང་ལཱ་འབད་མི་ ཕོ་སྐྱེས་༡༢ དང་ ཨམ་སྲུ་༡༣ གིས་ སྤྱི་ཟླ་༨ པ་ལས་ མགྲོན་སྐྱོང་དང་འཛིན་སྐྱོང་གི་ ཆོས་ཚན་༤ དེ་ཅིག་ནང་ སྦྱོང་བརྡར་མཐར་འཁྱོལ་བའི་ངོས་འཛིན་ལུ་ ཤེས་རིག་དྲུང་ཆེན་ ཀརྨ་ཡེ་ཤེས་ཀྱིས་ སྦྱོང་བརྡར་བ་ཚུ་ལུ་ ལག་ཁྱེར་བྱིན་ཡི།
འབྲུག་ཟ་ཁང་འཛིན་སྐྱོང་བར་མའི་ ལས་རིམ་གྱིས་ ཟ་ཁང་ནང་ལཱ་འབད་མི་ཚུ་ལུ་ སྦྱོང་བརྡར་འབད་ནིའི་ གོ་སྐབས་བྱིན་མི་དེ་ཡང་ ཟ་ཁང་ནང་ལཱ་འབད་མི་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནི་དང་ ཁོང་རའི་ལཱ་གི་ ཁྱད་རིག་སྦྱང་ནིའི་དོན་ལུ་ སློབ་སྦྱོང་བྱིན་དོ་ཡོདཔ་ཨིན་པས།
རྒྱལ་གཞུང་ལྟ་བཤལ་དང་མགྲོན་སྐྱོང་ལས་སྡེ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ད་ཚུན་ མགྲོན་སྐྱོང་དང་འཛིན་སྐྱོང་ནང་ ཌིབ་ལོ་མའི་ཤེས་ཡོན་མཐར་འཁྱོལ་མི་ འབྲུག་མི་༢༥ བརྩིས་ཏེ་ འབྲུག་མི་༡༠༠ ལྷགཔ་ཅིག་གིས་ མཐར་འཁྱོལ་ཡོདཔ་ད་ མཐར་འཁྱོལ་མི་ཚུ་གིས་ ལཱ་གཡོག་གི་གོ་སྐབས་ ལེགས་ཤོམ་ཐོབ་སྟེ་ཡོད་ཟེར་ཨིན་པས།
སུ་ཡིཛ་ཟ་ཁང་འཛིན་སྐྱོང་བར་མའི་ ལས་རིམ་བཀོད་ཚོགས་ཁྲི་འཛིན་གྱིས་ སླབ་མིའི་ནང་ གཙུག་སྡེ་ལས་ མགྲོན་སྐྱོང་དང་འཛིན་སྐྱོང་གི་ ཌིབ་ལོ་མའི་ཤེས་ཡོན་ མཐར་འཁྱོལ་མི་དེ་ ཤོ་ཐེངས་༤ པ་ཨིནམ་ད་ ཁོ་རའི་ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ སྦྱོང་བརྡར་འབད་མི་ཚུ་ རིག་རྩལ་སྦྱང་ནི་དང་ ལཱ་གི་ཁྱད་རིག་སྦྱང་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སེམས་དགའ་སྟེ་འདུག་ཟེར་ཨིན་པས།
སྦྱོང་བརྡར་དེ་ཡང་ ལྟ་བཤལ་གྱི་ དུས་ཚོད་མེད་པའི་སྐབས་ ལོ་༢ ཀྱི་རིང་འབད་ཡོདཔ་ད་ སྦྱོང་བརྡར་བྱིན་མི་ཚུ་ཡང་ འབྲུག་དང་ སུ་ཡི་ཛར་ལེནཌི་ ཐའི་ལེནཌི་དང་ ཨཱསི་ཊེ་ལི་ཡ་ དེ་ལས་ ཡུ་ཨེསི་ཨེ་ལས་ ལེགས་སྦྱར་བ་ཚུ་གིས་ བྱིན་ཡོདཔ་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་གྱི་ཉིནམ་ བརྩིས་སྲུང་འབད་མི་དང་འབྲེལ་ རྒྱལ་གཞུང་ལྟ་བཤལ་དང་ མགྲོན་སྐྱོང་ལས་སྡེ་གིས་ ཨུ་མ་ཟ་ཁང་ནང་ ལཱ་འབད་མི་ ཉི་མ་དབང་མོ་དང་ ཚེ་རིང་ལྷ་མོ་ དེ་ལས་ གཏེར་མ་གླིང་ཀ་ནང་ལཱ་འབད་མི་ དབྱངས་ཅན་ལྷ་མོ་༣ དྲག་ཤོས་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ ཁོང་གིས་ ཟླཝ་༣ གྱི་རིང་ སུ་ཡི་ཛར་ལེནཌི་གི་ཟ་ཁང་ནང་ ལཱ་འབད་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་མི་ སློབ་ཕྲུག་ཚུ་གིས་ ལཱ་གཡོག་གི་གོ་སྐབས་ བརྒྱ་ཆ་ལས་༡༠༠ འཐོབ་ཚུགས་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༢༠,༠༠༠ ལས་༣༠,༠༠༠ གི་བར་ན་ འཐོབ་ནི་ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།