འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ མི་སེར་ཚུ་ལུ་ དཀྲོགས་པའི་ཁ་ཉེས།

༉ སྤྱི་ཟླ་༡༠ པའི་བདུན་ཕྲག་དང་པའི་ནང་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་༢ ཀྱིས་ ལྕགས་སི་མཁར་རྒེད་འོག་ནང་ གཡུས་བཤལ་རྐྱབ་སྟེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ལས་ འཛེམ་དགོ་པའི་ སྐུལ་བསྒྲགས་འབད་ནུག།

དེ་ཡང་ འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འགོ་འདྲེན་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ལཱ་འབད་མི་ པདྨ་རྡོ་རྗེ་དང་ཆ་རོགས་ཚུ་གིས་ ཁྱིམ་སྒོ་བཤལ་ཏེ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ཁུངས་དང་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་དེ་ གཞུང་སྐྱོང་ནིའི་འགན་འཁུར་འཐོབ་པ་ཅིན་ རྒྱལ་ཁབ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་འཐོན་འོང་ཟེར་ སྐུལ་བསྒྲགས་འབད་ནུག་ཟེར་ཨིན་པས།

དེ་བཟུམ་མའི་ མ་བདེན་པའི་གཏམ་དང་ སེམས་འགྱུར་ཐབས་ཀྱི་དོན་ལུ་ ཚོགས་པ་ལུ་ ཁ་ཉེས་བཀལ་བའི་སྐོར་ འགོ་དང་པ་ བདའ་ཟུན་འབད་མ་ཚུགས་རུང་ དེ་གི་ཤུལ་ལས་ ད་རུང་ གཡུས་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་མི་དེ་ ལགཔ་གི་བཟུང་ མིག་གིས་མཐོང་པའི་ཤུལ་ལས་ རྫོང་ཁག་བཙག་འཐུ་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡི་ཟེར་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།

བཙག་འཐུ་རྩོད་རྙོགས་ཚོགས་ཆུང་གི་འཐུས་མི་ ལྕགས་སི་མཁར་རྒེད་འོག་ནང་ སོང་ཞིནམ་ལས་ ཞིབ་དཔྱད་འབད་བའི་ཤུལ་ལུ་ རྩ་ཕན་གཉིས་ཆ་ར་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ རྫོང་ཁག་ཡིག་ཚང་ནང་ འབོ་ཞིནམ་ལས་ འདུམ་འགྲིག་འབད་བའི་སྐབས་ རྩ་ཕན་གཉིས་ཆ་ར་གིས་ ནང་འགྲིགས་འབད་ཡོདཔ་ལས་ ཉོགས་བཤད་བཀལ་མི་དེ་ ཆ་མེད་བཏང་ཡི།

རྩོད་ཟླ་འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་འཐབ་མི་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ལོ་རྒྱུས་ཚུ་ མང་མ་དགོ་པར་ བཙག་འཐུའི་དུས་ཚོད་ལུ་ ནང་འགྲིགས་འབད་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ གཞན་དལ་གཞི་ ཕར་ཚུར་ཕུང་དཀྲོགས་འབད་མི་ཚུ་ཡང་ འབོ་ཞིནམ་ད་ ཁུངས་བཀལ་དགོཔ་འོང་ཟེར་ཨིན་པས།

ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ རྩོད་རྩ་གིས་ ཉོགས་བཤད་བཀལ་བའི་ཤུལ་ རྒེད་འོག་ནང་ སོང་སྟེ་ ཞིབ་དཔྱད་འབད་བའི་ཤུལ་ རྩ་ཕན་ཚུ་ རྫོང་ཁག་ནང་འབོ་སྟེ་ ཞིབ་དཔྱད་འབད་ནི་འགོ་བཙུགས་པའི་སྐབས་ རྩ་ཕན་གཉིས་ཀྱིས་ ནང་འགྲིགས་འབད་ནི་ཨིན་ཟེར་ ཚོགས་ཆུང་ལུ་ ཞུ་བའི་ཤུལ་ལས་ ནང་འགྲིགས་གི་གོ་སྐབས་སྤྲོད་ཡི་ཟེར་ཨིན་པས།

ཁོང་རྩ་ཕན་ཚུ་ གཡུས་སྒོ་གཅིག་ནང་ཨིནམ་ལས་ གཏན་འཇགས་སྦེ་ གཅིག་ཁར་ལཱ་འབད་ནི་དང་ བཙག་འཐུའི་ཤུལ་ལུ་ རྟག་བུ་འབྲེལ་བ་འཐབ་སྡོད་དགོ་པའི་ གནད་དོན་ཅིག་འབདཝ་ལས་ ཉོགས་བཤད་ཡི་གུ་དེ་ ཕྱིར་འབུད་བཏང་ཡོད་རུང་ ད་ལས་ཕར་ དེ་བཟུམ་གྱི་བྱ་བའི་ནང་ འབྲེལ་གཏོགས་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་ཅི་ཟེར་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ སླབ་ཨིན་པས།

མོང་སྒར་རྫོང་ཁག་གི་ བཙག་འཐུ་ཡིག་ཚང་ནང་ འགོ་ཐོག་བཙག་འཐུ་མ་འབད་བའི་ཧེ་མར་ ཉོགས་བཤད་ཅིག་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་འབད་མི་ཚུ་ལུ་ ཉོགས་བཤད་བཀོད་མི་བརྩིས་ཏེ་ ཚོགས་ཆུང་ནང་ ད་ལྟོ་ཚུན་ ཉོགས་བཤད་༢ ལས་བརྒལ་མ་ཐོནམ་ཨིན་པས།

རྫོང་ཁག་བཙག་འཐུ་འགོ་དཔོན་ ཀུན་དགའ་དང་འཁྲིལ་བ་ཅིན་ འགོ་ཐོག་བཙག་འཐུའི་དོན་ལུ་ སྒོ་བཤལ་སྐུལ་བསྒྲགས་ཀྱི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་གིས་ ཉོགས་བཤད་བཀལ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ ཁྱིམ་ཅིག་གི་ མི་ལས་ལྷག་སྟེ་ སྤུངས་འཛོམས་སྦེ་ སྐུལ་བསྒྲགས་འབད་མི་དེ་ ཁྲིམས་ལས་འགལ་བ་ཨིནམ་སྦེ་ བཀལ་ནུག་ཟེར་ཨིན་པས།

བཙག་འཐུ་འགོ་དཔོན་གྱིས་འབད་བ་ཅིན་ བཙག་འཐུའི་སྒྲིག་གཞི་དང་འཁྲིལཝ་ད་ སྒོ་བཤལ་སྐུལ་བསྒྲགས་ནང་ ཁྱིམ་ནང་གི་ བཟའ་ཚང་གིས་མ་དོ་བར་ མི་གྲངས་༡༠ དང་༡༥ འི་ནང་འཁོད་ འཛོམས་ཆོགཔ་སྦེ་ཡོདཔ་ལས་ ཉོགས་བཤད་བཀལ་མི་དེ་ ཞིབ་དཔྱད་འབད་དེ་ ཆ་མེད་བཏང་ཡི་ཟེར་ ཨིན་པའི་གནས་ཚུལ།

ལྕགས་སི་མཁར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *