འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ལུ་ ཉེས་ཆད་དང་ཉེན་བརྡ།

༉ བཀྲིས་གཡང་རྩེ་རྫོང་ཁག་རྙོགས་སེལ་ལས་སྡེ་གིས་ སྤྱི་ཟླ་༡༠ པའི་ཚེས་༧ ལུ་ ཕུན་ཚོགས་གླིང་ལུ་སྡོད་མི་ འབྲུག་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ བསམ་བརྟན་དབང་འདུས་ལུ་ ཉེས་ཆད་དངུལ་ཀྲམ་༦,༤༥༠ བཀལ་བའི་ཁར་ ཉེན་བརྡ་འབད་ནུག།

ཉེས་ཆད་དང་ ཉེན་བརྡ་དེ་ཡང་ བཀྲིས་གཡང་རྩེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ མཆོད་རྟེན་ཚེ་རིང་གིས་ བསམ་བརྟན་དབང་འདུས་ལུ་ ཉོགས་བཤད་བཙུགས་པའི་ཤུལ་ལས་ བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༣ ལུ་ མཆོད་རྟེན་ཚེ་རིང་གིས་ ཁམས་དྭངས་སྤྱི་འོག་ལས་ བསམ་བརྟན་དབང་འདུས་ཀྱིས་ མི་སྡེ་བརྡ་བརྒྱུད་ ཡོངས་གྲགས་ལུ་ ཝེ་ཅིཊ་སྡེ་ཚན་ནང་ གལ་སྲིད་ སྤྱིར་བཏང་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་མི་ཐོབ་ཟེར་ སླབ་ཡོདཔ་བཞིན་དུ་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་པ་ཅིན་ རྒྱ་གཞུང་གིས་ རྒྱབ་སྐྱོར་འབད་འོང་ཟེར་བའི་ ཐོར་གཏམ་དར་ཁྱབ་བཏང་མི་དེ་ རྫོང་ཁག་བཙག་འཐུ་མཉམ་འབྲེལ་གཙོ་འཛིན་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག།

ཉོགས་བཤད་སྒྲུབ་བྱེད་སྦེ་ མཆོད་བརྟན་ཚེ་རིང་གིས་ དམིགས་བསལ་དུ་ བསམ་བརྟན་དབང་འདུས་ཀྱིས་ ཝེ་ཅིཊ་ནང་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་མི་ཐོབ་ཟེར་སླབ་མིའི་ བརྙན་འཁོར་སྒྲ་བཟུང་དེ་ ལས་སྡེ་ལུ་ ཕུལ་ཡོདཔ་ཨིན་པས།

ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་བདེན་པའི་གཏམ་ཚུ་ ཡང་བསྐྱར་ཞིབ་དཔྱད་འབད་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ བསམ་བརྟན་དབང་འདུས་ཀྱིས་ ཤར་ཕྱོགས་པའི་ ཁ་སྐད་ཀྱི་ཐོག་ལས་ ཝེ་ཅེཊ་ནང་ སླབ་མིའི་ནང་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ རྒྱ་གར་གཞུང་ལས་ རྒྱབ་སྐྱོར་མི་ཐོབ་ཟེར་ སླབ་མི་དེ་ རྒྱ་གར་གྱི་ མི་སྡེ་ནང་ རྒྱང་བསྒྲགས་འབད་དེ་ཡོདཔ་ལས་ ག་ར་གིས་ ཤེས་དགོ་ཟེར་ཨིན་པས།

དེ་མ་ཚད་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་མ་ཐོབ་པ་ཅིན་ ད་ལྟོ་ རྐྱབ་པའི་བསྒང་ཡོད་མི་ མཁོ་ལོང་ཆུ་ལས་འགུལ་དེ་ རྐྱབ་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ བསམ་བརྟན་དབང་འདུས་ཀྱིས་ ཝེ་ཅིཊ་སྡེ་ཚན་ནང་ སླབ་ནུག།

ཁོ་གིས་ མི་ག་ར་འབད་རུང་ གནས་སྟངས་དེ་ ཧ་གོ་ཐོག་ལས་ ལག་ལེན་འཐབ་གནང་ཟེར་ སླབ་ཡོདཔ་ད་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ནི་ལུ་ གོ་སྐབས་འཐོབ་པ་ཅིན་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་ཧྲིལ་འབུམ་ཡོད་མི་དེ་ མི་ཚུ་གིས་ གཏམ་བཟོ་བཟོཝ་ རྩ་ལས་མེནམ་ལས་ རྒྱ་གར་གྱི་ གནས་ཚུལ་ནང་ རྒྱང་བསྒྲགས་འབད་དེ་ཡོདཔ་ལས་ མི་ཚུ་གིས་ ཤེས་དགོ་ཟེར་ཨིན་པས།

བསམ་བརྟན་དབང་འདུས་ཀྱིས་ ལས་སྡེ་ནང་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཁོ་གིས་ འབྲུག་མཉམ་རུབ་ཚོགས་པའི་ ཡ་ལང་ཝེ་ཅེཊ་སྡེ་ཚན་ནང་ གཏམ་དེ་བཟུམ་ མ་སླབ་ཟེར་ སླབ་ཡོདཔ་ད་ སྡེ་ཚན་དེ་ཡང་ འཐུས་མི་༥༡ ཡོདཔ་ད་ ཁོ་གིས་ རྒྱ་གར་གྱི་ གནས་ཚུལ་ཨེན་ཨེམ་ཨེཕ་དང་འཁྲིལ་ཏེ་ སྡེ་ཚན་ནང་ བརྗེ་སོར་འབད་ཡི་ཟེར་ཨིན་པས།

བསམ་བརྟན་དབང་འདུས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཨེན་ཨེམ་ཨེཕ་གི་ གནས་ཚུལ་ཧིན་དི་སྐད་ནང་ཡོད་མིའི་ བཅུད་དོན་དེ་ འཐུས་མི་ཚུ་ལུ་ བརྗེ་སོར་འབད་ཡི་ཟེར་ཨིནམ་ད་ འཐུས་མི་ལ་ལོ་ཅིག་གིས་ གནས་ཚུལ་དེ་ སྐད་སྒྱུར་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ གློག་བརྙན་གྱི་ གནས་ཚུལ་དེ་ལུ་ དོན་དག་གཞན་ ག་ནི་ཡང་ མེད་ཟེར་ཨིན་པས།

ཀུན་གསལ་གྱིས་ མཆོད་རྟེན་ཚེ་རིང་དང་ འབྲེལ་བ་འཐབ་མ་ཚུགས།

མཆོད་རྟེན་ཚེ་རིང་གིས་ ལས་སྡེའི་འགོ་དཔོན་ཚུ་ལུ་ མ་བདེན་པའི་ གཏམ་དར་ཁྱབ་བཏང་མི་ལུ་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་ལུ་ ཐོ་ཕོག་ནི་མས་ཟེར་ བཤད་པའི་ཁར་ གློག་བརྙན་དེ་ཡང་ སྡེ་ཚན་གྱི་ འཐུས་མི་ཅིག་ཨིན་མི་ ཡ་ལང་རྒེད་འོག་ལས་ བསྟན་འཛིན་ནོར་བུ་གིས་ བརྗེ་སོར་འབད་དེས་ཟེར་ཨིན་པས།

བསྟན་འཛིན་ནོར་བུ་གིས་ ལས་སྡེ་ལུ་ སླབ་མི་དང་འཁྲིལཝ་ད་ བསམ་བརྟན་དབང་འདུས་ཀྱིས་ ཝེ་ཅེཊ་སྡེ་ཚན་ནང་ རྒྱ་འབྲུག་༢ ཀྱི་བར་ནའི་ མཐུན་ལམ་ཐོག་ལས་ མ་བདེན་པའི་ གཏམ་དེ་གིས་ རྒྱལ་ཁབ་ཀྱི་ མཐུན་ལམ་ལུ་ ཐོ་ཕོག་ཉེན་ཡོད་པའི་ ཚ་གྱང་ཡོད་མི་ལུ་བརྟེན་ གློག་བརྙན་དེ་ བརྡ་དོན་གྱི་དོན་ལུ་ མཆོད་རྟེན་ཚེ་རིང་ལུ་ བཏང་ཡི་ཟེར་ཨིན་པས།

གློག་བརྙན་གྱི་གཞི་དང་ བསམ་བརྟན་དབང་འདུས་ཀྱིས་ སླབ་ཡོད་པའི་ བྱ་ངན་ཡོད་པའི་ སྒྲུབ་བྱེད་ལུ་བརྟེན་ ཁོ་གིས་ མ་བདེན་པའི་ གཏམ་ཚུ་དར་ཁྱབ་ བཏང་མི་དེ་ འགན་འཁྲི་འབག་དགོ་པའི་ རྩོད་རྙོགས་བཙུགས་ནུག།

བསམ་བརྟན་དབང་འདུས་ཀྱིས་ བཙག་འཐུ་བཅའ་ཁྲིམས་༢༠༠༨ ཅན་པའི་དོན་ཚན་༢༩༤ དང་ བཙག་འཐུའི་མི་སྡེ་བརྡ་བརྒྱུད་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མའི་ དོན་ཚན་༤.༤ པའི་ དགོངས་དོན་ལས་ འགལ་ཡོདཔ་ཨིན་པས།

ལས་སྡེ་གིས་ མཆོད་རྟེན་ཚེ་རིང་གིས་ མི་གཞན་གསུམ་ལུ་ཡང་ ཉེས་འཛུགས་འབད་མི་དེ་ ཆ་མེད་བཏང་ཡོདཔ་ད་ མཆོད་རྟེན་ཚེ་རིང་གིས་ ད་རེས་ ས་སྣུམ་གྱི་ གོང་ཚད་ཡར་སེང་འགྱོ་མི་དེ་ མི་སེར་དམངས་གཙོ་ཚོགས་པ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི་ མ་ཐོབ་མི་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ ལུང་ཕྱོགས་དབྱེ་ཁག་བཟོ་མི་ དེ་ལས་ བསམ་བརྟན་དབང་འདུས་ཀྱིས་ བཙག་འཐུའི་བཅའ་ཁྲིམས་ལན་ཐེངས་༢ དེ་ཅིག་ འགལ་ཡི་ཟེར་ ལས་སྡེ་རྫོང་ཁག་བཙག་འཐུ་གཙོ་འཛིན་ལུ་ ཉོགས་བཤད་ཡི་གུ་ཕུལ་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *