༉ བསམ་རྩེ་གིས་ ལྷོ་མཚམས་རྫོང་ཁག་གཞན་ཚུ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་གི་ གྲོས་ཐག་བཅད་ཡོདཔ་ད་ རྫོང་ཁག་དེ་ནང་ མེ་ཏོག་ཚོགས་པ་ཟེར་ སླབ་དོ་ཡོད་མི་ ཚོགས་པ་གིས་ འདེམས་ཁོངས་༤ ཆ་ར་ལས་ རྒྱལ་ཁ་འཇམ་ཏོང་ཏོ་སྦེ་ཐོབ་ནུག།
དེ་ཡང་ བཀྲིས་ཆོས་གླིང་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༤༥ ལང་མི་ དིལ་མ་ཡ་རའི་གིས་ ཚོགས་རྒྱན་ཡོངས་བསྡོམས་༦,༠༣༢ ཐོབ་ཡོད་མི་ལས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༤,༤༩༥ དང་ འགྲེམ་ཐོག་ཚོགས་རྒྱན་༡,༥༣༧ ཐོབ་ནུག།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དུར་ག་པར་སཱད་ཆེ་ཏི་རི་གིས་ འགྲེམ་ཐོག་ཚོགས་རྒྱན་༦༠༤ དང་ འཕྲུལ་ཆས་ཚོགས་རྒྱན་༢,༨༤༥ ཐོབ་ཡོདཔ་ད་ བཀྲིས་ཆོས་གླིང་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༢,༩༦༦ ཡོད་མི་ལས་ ཁ་ཙ་ མི་གྲངས་༩,༤༨༡ ཚོགས་རྒྱན་བཙུགས་པར་་འོང་ཡོདཔ་ཨིན་པས།
དིལ་མ་ཡ་རའི་གིས་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་ཐོག་བཙག་འཐུ་ནང་ཡང་ འདེམས་ཁོངས་དེ་ནང་ལས་ རྒྱལ་ཁ་ཐོབ་ནུག།
ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ནང་ པར་དཱན་༢ ཀྱི་བར་ན་ དོ་འགྲན་འབད་མི་ འབྲུག་མཉམ་རུབ་ཚོགས་པའི་ དི་ནིཤ་ཀུ་མར་པར་དཱན་དང་ འབྲུག་ཕུན་སུམ་ཚོགས་པའི་ ལི་ལ་པར་དཱན་ཨིནམ་ད་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༥,༣༥༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ལི་ལ་པར་དཱན་གྱིས་ ཚོགས་རྒྱན་༢,༠༥༤ མ་གཏོགས་ ཐོབ་མ་ཚུགས་པས།
དི་ནིཤ་ཀུ་མར་པར་དཱན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༤,༠༡༠ དང་ འགྲེམ་ཐོག་ཚོགས་རྒྱན་༡,༣༤༣ ཐོབ་ཡོདཔ་ད་ ལི་ལ་པར་དཱན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༡,༥༡༡ དང་ འགྲེམ་ཐོག་ཚོགས་རྒྱན་༥༤༣ ཐོབ་ནུག།
ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༠,༣༥༧ ཡོདཔ་ཨིན་རུང་ འགྲེམ་ཐོག་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༧,༤༠༧ རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་ནུག།
ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ནང་ མཉམ་རུབ་ཚོགས་པའི་འདེམས་ངོ་ ག་ནིཤ་གི་མི་རེ་གིས་ འཕྲུལ་ཆས་ཚོགས་རྒྱན་༤,༡༨༧ དང་ འགྲེམ་ཐོག་ཚོགས་རྒྱན་༡,༡༤༥ འབདཝ་ད་ ཚོགས་རྒྱན་བསྡོམས་༥,༣༣༢ ཐོབ་ཡོདཔ་ད་ ཕུན་སུམ་ཚོགས་པའི་ ཀ་མཱལ་དཱན་ཅམ་ལིང་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༠༣༧ དང་ འགྲེམ་ཐོག་ཚོགས་རྒྱན་༥༢༠ བརྩིས་ཏེ་ ཚོགས་རྒྱན་བསྡོམས་༢,༥༥༧ ཐོབ་ནུག།
འགོ་ཐོག་བཙག་འཐུ་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༠,༨༠༦ ཡོདཔ་ཨིན་པས།
རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་རྐྱངམ་གཅིག་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནི་བཟུམ་འདུག་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་མི་དེ་ཡང་ ཚོགས་པའི་འདེམས་ངོ་ ཋ་ཀུར་སིང་པའུ་ཌེལ་གྱིས་ འགོ་ཐོག་བཙག་འཐུ་སྐབས་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ སྤྱིར་བཏང་བཙག་འཐུ་ནང་ འདེམས་ཁྲི་འཐོབ་ནི་གི་ རེ་བ་བསྐྱེད་ཡོདཔ་ཨིན་པས།
ཨིན་རུང་ ཋ་ཀུར་སིང་པའུ་ཌེལ་གྱིས་ ཚོགས་རྒྱན་༤,༥༣༢ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ལོག་ནཱཐ་ཤར་མ་གིས་ ཚོགས་རྒྱན་བསྡོམས་༥,༠༦༩ ཐོབ་ནུག།
འགོ་ཐོག་བཙག་འཐུ་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ལས་ མཉམ་རུབ་ཚོགས་པ་དེ་ ཨང་གཉིས་པ་ ཐོན་ཡོདཔ་ད་ དེ་བསྒང་ ཚོགས་པ་གཉིས་ལུ་ ཚོགས་རྒྱན་གྱི་ཁྱད་པར་༢༢༦ ཡོདཔ་ཨིན་པས།
འདེམས་ཁོངས་གཞན་བཟུམ་མེན་པར་ རྡོ་ཕུག་ཅན་-རྟ་སྡིངས་ལུ་ ཚོགས་རྒྱན་གྱི་ གྲུབ་འབྲས་ཚུ་ ཕྱིས་སུ་ཅིག་ལས་བརྒལ་ གསལ་བསྒྲགས་འབད་མ་ཚུགས་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་ ཕྱི་རུའི་ཆུ་ཚོད་༥ འབྱིད་སོང་རུང་ གྱལ་བསྣར་ཏེ་ ཡོད་ནི་དེ་གིས་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་ནང་ ཚོགས་རྒྱན་༣,༧༦༧ ཐོབ་ལས་ འབྲུག་ཕུན་སུམ་ཚོགས་པ་ལས་ ཚོགས་རྒྱན་༩༡ རྐྱངམ་གཅིག་གིས་ རྒྱལ་ཡོདཔ་ད་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣,༦༧༦ ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ནང་ ཁམ་ཤིང་མེ་ཏོག་གིས་༡,༣༠༢ ཐོབ་ཡོད་རུང་ ཁྲུང་ཁྲུང་གིས་༨༥༦ ལས་བརྒལ་ མ་ཐོབ་པའི་ཁར་ ཋ་ཀུར་སིང་དེ་ འགོ་ཐོག་བཙག་འཐུ་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་ནང་ ཕམ་སོཔ་ཨིན་པས།
ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་ལས་བཅད་རུང་ འདེམས་ཁོངས་དེ་ནང་ ཐོ་བཀོད་ཅན་གྱི་མི་༡༣,༢༣༡ ཡོདཔ་བཞིན་དུ་ དེ་གི་གྲས་ལས་༩,༦༠༡ གིས་ ཚོགས་རྒྱན་བཙུགས་ཡོད་པའི་གནས་ཚུལ།