༉ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་དང་ ཚོགས་པའི་རྒྱབ་སྐྱོར་པ་ཅིག་གི་སྐོར་ལས་ ཉོགས་བཤད་ཡི་གུ་༣ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་བཙུགས་ནུག།
ད་རུང་ ཚོགས་པ་གིས་ བརྙན་འཁོར་ཚུ་ཡང་ སྒྲུབ་བྱེད་སྦེ་ ལྷན་ཚོགས་ལུ་ ཕུལ་ཡོདཔ་ཨིན་པས།
ཉོགས་བཤད་༣ གྱི་གྲས་ལས་༡ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་དབང་འདུས་དང་༡ ཁོ་རའི་འགོ་འདྲེན་པ་ དེ་ལས་ ཉོགས་བཤད་གཞན་དེ་ པདྨ་དགའ་ཚལ་གྱི་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་ལུ་ཨིན་པས།
མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་ བཙུགས་མི་དང་འཁྲིལཝ་ད་ ཨོ་རྒྱན་དབང་འདུས་ཀྱིས་ དབང་འདུས་ཕོ་བྲང་ལུ་སྡོད་མི་ ཁོ་རའི་འདེམས་ཁོངས་ཀྱི་ ཝེ་ཅེཊ་སྡེ་ཚན་ནང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འགྲེམ་ཐོག་ཚེོགས་རྒྱན་གྱི་ ཞུ་ཡིག་ནང་ སྡོད་གནས་དང་ ལཱ་འབད་ས་ སོ་སོར་བཀོད་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་༢༠༠༨ དང་ འགྲེམ་ཐོག་ཚོགས་རྒྱན་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ དེ་ལས་ བཙག་འཐུ་ལྷན་ཚོགས་ཀྱི་བཅའ་ཁྲིམས་༢༠༡༨ ཅན་མའི་ དགོངས་དོན་ཚུ་ལས་ འགལ་ཐོག་ལས་ ཨོ་རྒྱན་དབང་འདུས་ཀྱིས་ མི་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ནི་དང་ འགྲེམ་ཐོག་ལྷན་ཐབས་ས་ཁོངས་ཀྱི་ ཞབས་ཏོག་ལེན་ནི་ལུ་ རྒྱབ་སྐྱོར་འབད་ནུག་ཟེར་ ཉོགས་བཤད་ཡི་གུ་ནང་བཀོད་ནུག།
དེ་མ་ཚད་ གལ་སྲིད་ ལྷན་ཚོགས་ཀྱིས་ སྡོད་གནས་དང་ ལཱ་འབད་སའི་ ཁ་བྱང་ཚུ་ བདེན་དཔྱད་ཀྱི་དོན་ལུ་ བརྒྱུད་འཕྲིན་གཏང་པ་ཅིན་ བརྡ་དོན་ཕྲང་སྟེ་ མ་སླབ་ཟེར་ སླབ་མི་དེ་ འདེམས་ངོ་ཁོ་ར་ མི་སེར་ཚུ་གི་ འཐུས་མི་ཅིག་འབདཝ་ལས་ ཁོ་རའི་ ངོ་རྐྱང་གི་ དྲང་སྤྱོད་ལུ་ དྲི་དཔྱད་འད་དགོཔ་འདུག་ཟེར་བཀོད་ནུག།
དེ་འབདཝ་ལས་ བཙག་འཐུའི་གཞི་རྩ་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་དགོཔ་སྦེ་ ཡོད་མི་ལས་ འགལ་སོ་ནུག་ཟེར་ཨིནམ་ད་ མཉམ་རུབ་ཚོགས་པ་གིས་ ཁ་ཉེས་བཀལ་མིའི་ནང་ ཁྲིམས་དོན་འགོ་དཔོན་དང་ རྒྱལ་ཁབ་་ཀྱི་ ཁྲིམས་བཟོ་མིའི་ ཁ་ཐུག་ལས་ མི་སེར་ཚུ་ལུ་ ཁྲིམས་ལས་འགལ་བ་འབད་དགོ་པའི་ སློབ་སྟོན་འབད་མི་དེ་ ངན་ལྷད་ལུ་ ཞུགས་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ཟེར་ཨི་ནཔས།
ཝེ་ཅེཊ་ཐོག་ལས་ བློ་སླབ་མི་ཚུ་ སྒྲུབ་བྱེད་སྦེ་ ལྷན་ཚོགས་ལུ་ ཕུལ་མི་དང་འཁྲིལཝ་ད་ གནད་དོན་དེ་ཡང་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༨ ལུ་ སླབ་ནུག་ཟེར་ཨིན་རུང་ ཚོགས་པའི་བརྡ་བརྒྱུད་ཡིག་ཚང་ལས་འབད་བ་ཅིན་ སྤྱི་ཟླ་༧ པའི་ནང་ སླབ་སླབ་བཟུམ་ཅིག་འདུག་ཟེར་ཨིན་པས།
ཁ་ཉེས་དེ་ལུ་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ ཁ་ཙ་ཕྱི་རུ་ཚུན་ ག་ཏེ་ལས་ཡང་ བརྒྱུད་འཕྲིན་མ་ལྷོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ གནས་སྡུད་རྫུས་མ་བཀོད་ནི་ལུ་ རྒྱུད་བསྐུལ་འབད་འབདཝ་མེདཔ་མ་ཚད་ ལཱ་འབད་སའི་ ཁ་བྱང་ཚུ་ བརྡ་དོན་ཕྱི་འགྱུར་ སླབ་དགོཔ་སྦེ་ ག་ནི་ཡང་ མ་སླབ་ཟེར་ཨིན་པས།
ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ གལ་སྲིད་ ལྷན་ཚོགས་ཀྱིས་ བརྒྱུད་འཕྲིན་ལྷོད་པ་ཅིན་ རང་སོའི་ལཱ་གི་ ཁ་བྱང་ཚུ་ བདེན་དཔྱད་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ བསླབ་བྱ་དེ་ཡང་ ལྷན་ཚོགས་ཀྱི་ བཙག་འཐུ་འབད་ནི་ལུ་ ཁྱབ་བསྒྲགས་མ་འབད་བའི་ཧེ་མར་ བྱིན་ཡི་ཟེར་ཨིན་པས།
ཉོགས་བཤད་༢ པམ་དེ་ འབྲུག་ཕུན་སུམ་ཚོགས་པའི་ མོང་སྒར་དགྲ་མེ་རྩེ་-སྔ་ཚང་འདེམས་ཁོངས་ཀྱི་ འགོ་འདྲེན་པ་གིས་ ཝི་ཅེཊ་ནང་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་མ་བཙུགས་པ་ཅིན་ རྒྱ་ནག་གིས་ ང་བཅས་རའི་ ནང་འཁོད་ཞི་བདེ་དང་ སྲིད་བྱུས་ལུ་ བར་ཆད་རྐྱབ་འོང་ཟེར་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འཇིགས་སྐུལ་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ མཉམ་འབྲེལ་པ་དེ་གིས་ འཕྲལ་ཁམས་ཅིག་ཁར་ ཧཱ་ལུ་ཡོད་པའི་ དོག་ལམ་གྱི་ གནད་དོན་ཐོན་མི་དེ་ཡང་ བློན་ཆེན་བགྲེསཔ་དང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བར་འཛུལ་འབད་བའི་ཤུལ་ལས་རྐྱངམ་གཅིག་ སེལ་ཚུགས་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ དེ་བཟུམ་མའི་ ལོ་རྒྱུས་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༥ ཉིན་མའི་ཆུ་ཆོད་༢ དེ་ཅིག་ཁར་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ སླབ་ནུག་ཟེར་ཨིན་པས།
ཚོགས་པ་གིས་འབད་བ་ཅིན་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཕྱིའི་འབྲེལ་མཐུན་ལམ་དང་ སྲིད་འབྲེལ་རིག་པ་ དེ་ལས་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་བཏང་མི་ལུ་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ལྷན་ཚོགས་ལུ་ ཉོགས་བཤད་ཕུལ་མི་གཅིགཔོ་དེ་ པདྨ་དགའ་ཚལ་གྱི་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ སྣུམ་འཁོར་ཊཱག་དེད་གཡོགཔ་༢ ཀྱིས་ མཉམ་རུབ་ཚོགས་པའི་ གཙོ་འཛིན་དེ་ སྤྱིར་བཏང་བཙག་འཐུའི་སྐུལ་བསྒྲགས་འབད་བར་ བསམ་གྲུབ་ལྗོངས་མཁར་ལས་ པདྨ་དགའ་ཚལ་ལུ་འགྱོ་བའི་སྐབས་ འཇིགས་སྐྲག་དང་ གནོདཔ་བཀལ་ནིའི་སྐོར་ལས་ གྲོས་བསྟུན་འབད་ནུག་ཟེར་ཨིན་པས།
ཚོགས་པའི་གནས་ཚུལ་གསར་བཏོན་ནང་ བཀོད་མིའི་ནང་ མ་གཞི་ ཚོགས་པའི་གཙོ་འཛིན་དང་ ཁོ་རའི་སྡེ་ཚན་གྱིས་ སྣུམ་འཁོར་ཊཱག་ཚུ་ རྡོ་དཀར་གང་མང་སྐྱེལ་འདྲེན་འབད་ནིའི་དོན་ལུ་ ཤུགས་བཏང་སྟེ་ འགྱོཝ་ཨིན་པས་ཟེར་ འཆར་སྣང་བྱུང་ཡོད་རུང་ ཊཱག་༢ གཅིག་ཤུལ་གཉིས་ཤུལ་སྦེ་ རྟིང་བདའ་སྟེ་ ཤུགས་བཏང་འགྱོ་མི་དེ་ འཇིགས་སྐྲག་སྟོན་སྟོནམ་ འོང་ནི་མས་ཟེར་ཨིན་པས།
ཉོགས་བཤད་ནང་ ཊཱག་ཚུ་གིས་ སྤྱི་ཟླ་༡༠ པའི་ཚེས་༤ ལུ་ གཙོ་འཛིན་གྱི་ སྣུམ་འཁོར་དེ་ ཅི་གླིང་ལས་ ཚེ་གླིང་སྒེར་ཚུར་ བདའ་འོང་ནུག་ཟེར་བཀོད་ནུག།
བརྙན་འཁོར་སྒྲ་བཟུང་ཅིག་ནང་འབད་བ་ཅིན་ དེད་གཡོགཔ་ཅིག་གིས་ གཙོ་འཛིན་གྱི་ སྣུམ་འཁོར་དེ་ མེ་ལོང་བྲག་གུ་ལས་མར་ འཐུ་གཏང་ནིའི་ བརྡ་སྟོན་འབད་ནུག་ཟེར་ཨིནམ་ད་ མ་གཞི་ ལྷན་ཚོགས་ཀྱིས་ སྲུང་སྐྱོབ་དམག་མི་༢ གནང་རུང་ འབྲུག་རྒྱལ་ཁབ་ནང་ བཙག་འཐུའི་བྱ་རིམ་དེ་ ལེགས་ཤོམ་འགྱོ་འོང་ཟེར་ མནོ་བསམ་བཏང་སྟེ་ ཉེན་སྲུང་དམག་མི་ མ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ ཉེན་སྲུང་དམག་མི་ འགོ་དཔོན་དེ་ ལོག་སྟེ་ར་ དགོས་མཁོ་འདུག་ཟེར་ཨིནམ་ད་ གཙོ་འཛིན་དང་ རྒྱབ་སྐྱོར་པ་ཚུ་ འདྲོག་བྱེལ་ངང་ལུ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པའི་ འཇིགས་སྐྲག་དེ་གིས་ འདྲ་མཉམ་ཐོག་ལས་ བརྩི་མཐོང་བསྐྱེད་ནི་མ་ཐོབ་ཟེར་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ ལྷན་ཚོགས་ལུ་ སྒྲུབ་བྱེད་ཕུལ་མི་དང་འཁྲིལ་ཏེ་ སྣུམ་འཁོར་ཊཱག་བཏང་མི་ཚུ་ ངོས་འཛིན་འབད་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ད་ གལ་སྲིད་ ལྷན་ཚོགས་ཀྱིས་ ཁྲིམས་འགལ་འབད་མི་ཚུ་ ལེགས་ཤོམ་སྦེ་ བརྩི་མཐོང་མ་བསྐྱེད་པ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་ བྱ་རིམ་ནང་ རང་མོས་དང་ རྣམ་དག་ཐོག་ལས་ བཅའ་མར་གཏོགས་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།