འབྲུག་མཉམ་རུབ་ཚོགས་པ་གིས་ མཁར་-གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ལུ་ཉོགས་བཤད།

༉ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ པདྨ་དགའ་ཚལ་ མཁར་-གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཆ་མེད་གཏང་དགོཔ་སྦེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ ཉོགས་བཤད་ཡི་གུ་བཙུགས་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁར་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ མི་མང་རྩོད་བསྡུར་འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་ཚེ་རིང་ཆོས་སྒྲོན་གྱིས་ རྨགཔ་ཕྱི་ཁ་ལས་འབད་མི་ འབྲུག་པའི་ཨམ་སྲུ་ཚུ་གིས་སྐྱེས་མི་ ཨ་ལོ་ཚུ་ལུ་ མི་རྩིས་བྱིན་ཚུགསཔ་བཟུམ་ཅིག་སྦེ་ ཁས་བླངས་འབད་ནུག་ཟེར་བཀོད་ནུག།
དེ་བཟུམ་མའི་ ཁས་བླངས་དེ་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཚུ་དང་ འགལ་བ་ཨིནམ་མ་ཚད་ བཙག་འཐུའི་བྱ་སྒོའི་ནང་ གནས་དགོ་པའི་ ཀུན་སྤྱོད་རྣམ་གཞག་ལས་ཡང་ འགལ་བ་ཨིནམ་ད་ མི་རྩིས་གནང་ནི་དེ་ མི་དབང་མངའ་ཞབས་མཆོག་གི་ ཁྱད་དབང་ཨིནམ་ལས་ འདི་བཟུམ་ཁས་བླངས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་༡༦ ཁ་པ་དང་ བཙག་འཐུ་བཅའ་ཁྲིམས་གྱི་ དོན་ཚན་༥༢༥ པ་དང་ འགལ་བ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ འབྲུག་མི་ཚུ་གི་ མི་རྩིས་སྐོར་ ཚ་གྱང་ཡོད་མི་ལུ་ ངོས་ལེན་ཡོད་རུང་ སྲིད་དོན་ཚོགས་པ་ཚུ་ གནད་དོན་དེ་ སེལ་ཐབས་ཀྱི་ བརྒྱུད་ལམ་ཅིག་མ་གཏོགས་ དབང་འཛིན་མེན་ཟེར་ཨིནམ་ད་ འདེམས་ངོའི་ཁ་ཐུག་ལས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ འགན་ཁུར་ཚུ་ སྣང་མེད་སྦེ་བཞག་སྟེ་ དེ་བཟུམ་མའི་ མི་མང་རྩོད་བསྡུར་ནང་ རྒྱལ་ཡོངས་ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ འགལ་བ་འབད་མི་དེ་ལུ་ མཉམ་རུབ་ཚོགས་པ་གིས་ བཟོད་བསྲན་མི་འབད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ཕུལ་མི་ ཉོགས་བཤད་ཡི་གུ་ནང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་དང་ ཡང་ཅིན་ ཚོགས་པ་ལུ་ བཙག་འཐུ་ལས་ རྒྱལ་ཁ་འཐོབ་པའི་ཤུལ་ལས་ཡང་ མི་རྩིས་བྱིན་ནིའི་ དབང་ཚད་ཡོད་ག་ཟེར་ དྲི་བཀོད་འབད་ནུག།
དེ་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཁྲིམས་ལས་འགལ་པའི་ ཁས་བླངས་ལ་སོགས་པ་ཚུ་ དངོས་མཐོང་གི་ རྩོད་བསྡུར་ཚུ་ནང་ འབད་ཆོགཔ་ཨིན་ན་དང་ འབྲུག་ཕུན་སུམ་ཚོགས་པ་དང་ ཁོང་གི་འདེམས་ངོ་ཚུ་གིས་ ཚད་ལས་བརྒལ་བའི་ འཛེམ་མེད་ཀྱི་ བྱ་སྤྱོད་ཅིག་ འཐབ་པའི་ཁར་ ཐད་ཀར་དུ་ མི་དབང་མངའ་ཞབས་མཆོག་གི་ ཁྱད་དབང་འཕྱོག་ནིའི་ དཔའ་བཅམ་མས་ཟེར་ཨིན་པས།
སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ མི་རྩིས་བྱིན་ནིའི་ ཁས་བླངས་འབད་མི་དེ་ མི་དབང་མངའ་ཞབས་མཆོག་གི་ ཁྱད་དབང་ཨིནམ་ལས་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ག་འབད་རུང་ ཚོགས་རྒྱན་གྱི་དོན་ལུ་ ལག་ལེན་འཐབ་མི་ཆོག་ནི་དང་ འདི་བཟུམ་མའི་ ཁྱད་དབང་ལག་ལེན་འཐབ་མི་དེ་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ཨིན་མས་ཟེར་ བཀོད་ནུག།
ཉོགས་བཤད་ཡི་གུའི་ནང་ ཁས་བླངས་དེ་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཚུད་དེ་མེདཔ་ལས་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་ལུ་ ཁས་བླངས་གསལ་བསྒྲགས་ནང་མེད་མི་ ཁས་བླངས་ཚུ་ འབད་ནི་མེད་པའི་ ལམ་སྟོན་བྱིན་མི་དང་ འགལ་བ་ཨིན་མས་ཟེར་ བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པ་གིས་ བཙག་འཐུ་ལྷན་ཚོགས་ལུ་ གནད་དོན་དེ་ བཙག་འཐུ་བཅའ་ཁྲིམས་ཀྱི་ དོན་ཚན་༣༠༨ དང་ འགལ་བ་ཨིན་པའི་ རྩིས་འཇོག་འབད་དེ་ འབྲུག་ཕུན་སུམ་ཚོགས་པའི་ མཁར་-གཡུ་རུང་གི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་དེ་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༧༩ པའི་ ཏ་པ་དང་འཁྲིལ་ ཆ་མེད་འབད་དགོ་ཟེར་ ཉོགས་བཤད་ནང་བཀོད་ནུག།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ མོ་གིས་ རྒྱལ་ཁབ་ནང་ ཨམ་སྲུ་ཚུ་གིས་མྱོང་མི་ དཀའ་ངལ་དང་ ཨ་པ་མེད་པའི་ ཨ་ལོ་ཚུ་གི་སྐོར་ལས་ སླབ་ཅི་ཟེར་ཨིནམ་ད་ མོ་གིས་ མི་རྩིས་བྱིན་ནི་ཟེར་མེན་པར་ ཨ་པ་མེད་པའི་ ཨ་ལོ་ཚུ་གི་ དཀའ་ངལ་ལ་སོགས་པ་ཚུ་གི་ ཞིབ་འཇུག་འབད་དེ་ སྲིད་བྱུས་ཚུ་གི་ཐོག་ལས་ དཀའ་ངལ་ཚུ་ ག་དེ་སྦེ་ བསལ་ཐབས་སྒྲིག་ནི་ཨིན་ནའི་སྐོར་ སླབ་ཅི་ཟེར་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མི་རྩིས་གནང་ནི་དེ་ རྒྱལ་ཁམས་ཀྱི་ དབུ་ཁྲིད་ཀྱི་ ཁྱད་དབང་ཨིན་པའི་ ཤེས་རྟོགས་ཡོདཔ་ལས་ མོ་དང་ ཡང་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་རྩིས་བྱིན་ནི་ཟེར་ མ་སླབ་ཟེར་ཨིནམ་ད་ མོ་གིས་ ཨ་པ་མེད་པའི་ ཨ་ལོ་ཚུ་གི་ དཀའ་ངལ་གྱི་སྐོར་ལས་ སླབ་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྫོང་ཁག་བཙག་མཉམ་འབྲེལ་གཙོ་འཛིན་དང་ ངོས་ལེན་འགོ་དཔོན་གྱིས་ཡང་ ཁས་གསལ་སླབ་དགོ་པའི་སྐོར་ འགྲུལ་འཕྲིན་ལྷོད་མི་ལུ་བརྟེན་ མོ་གིས་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོད་པ་ཅིན་ བཟོད་པ་བཞེས་གནང་ཟེར་ ཞུ་ཡི་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ལུ་ཕུལ་མི་ མི་སེར་དམངས་གཙོའི་ཚོགས་པའི་ སྤྱི་ལོ་༢༠༡༨ ཀྱི་ ཁས་བླངས་གསལ་བསྒྲགས་༥.༤ པའི་ནང་ ཨམ་སྲུ་དང་ཨ་ལོའི་ཁས་བླངས་ནང་ དེ་བཟུམ་མའི་ ཁས་བླངས་གསལ་བཀོད་འབད་དེ་ཡོདཔ་ད་ ཁས་བླངས་གསལ་བསྒྲགས་ནང་ ཨ་པ་མེད་པའི་ ཨ་ལོ་ཚུ་གི་ མི་རྩིས་ཐོ་བཀོད་ཀྱི་ གནད་དོན་ལུ་ ཞིབ་འཇུག་འབད་དེ་ དཀའ་ངལ་སེལ་ཐབས་ཀྱི་ འོས་ལྡན་གྱི་ གྲོས་འདེབས་དང་ ཐབས་བྱུས་ཚུ་ བཟོ་ནི་སྦེ་ བཀོད་དེ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག་དང་ བཀྲིས་སྒྲོལ་མ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *