གཙོ་འཛིན་བློ་གྲོས་ཚེ་རིང་གིས་ སྒང་ཟུར་-སྨིན་རྒྱས་འདེམས་ཁོངས་ནང་ གཙོ་འཛིན་ཁོ་རའི་ ངོ་པར་ཤོག་བྱང་བགོ་བཀྲམ་འབད་བའི་བསྒང་།

འབྲུག་མཉམ་རུབ་ཚོགས་པ་གིས་ དམངས་གཙོ་ཚོགས་པ་དང་ ཀུན་མཉམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གི་ སེམས་ལྷུ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༣ ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ ལྷུན་རྩེ་རྫོང་ཁག་ནང་ མི་སེར་ཚུ་དང་ ཕྱད་པའི་སྐབས་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་པ་གིས་ གཞུང་སྐྱོབ་འཐོབ་འོང་ཟེར་ བཤད་ཅི།
དེ་ཡང་ ཚོགས་པའི་སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ འདེམས་ཁོངས་༤༧ ལས་༢༥ ནང་ རྒྱལ་ཁ་འཐོབ་ཚུགས་ཟེར་ཨིན་པས།
གཙོ་འཛིན་གྱིས་ འབད་བ་ཅིན་ འགོ་ཐོག་བཙག་འཐུའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢༢ རྒྱལ་ཁ་ཐོབ་པའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་༡༦ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ཁོངས་༩ ནང་ རྒྱལ་ཁ་ཐོབ་ནུག་ཟེར་ཨིན་པས།
ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢༢ ལས་ རྒྱལ་ཁ་ཐོབ་ཡོད་མིའི་ནང་ མཉམ་རུབ་ཚོགས་པ་གིས་ ཨང་༢ པ་ཐོན་ཡོདཔ་མ་ཚད་ འདེམས་ཁོངས་༡༨ ཚོགས་རྒྱན་གྱི་ཁྱད་པར་ རྒྱ་ཆེཝ་སྦེ་མེད་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ཚོགས་པ་གིས་ རྒྱལ་ཁ་ཐོབ་སར་ ཕུན་སུམ་ཚོགས་པ་གིས་ ཨང་༣ པ་ཐོན་ཡོདཔ་བཞིན་དུ་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ཁྲི་ཐོབ་སར་ མཉམ་རུབ་ཚོགས་པ་དེ་ ཨང་༢ པ་ཐོན་ཏེ་ཡོད་ཟེར་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་མ་ཞུགས་པར་ ཤོ་སྙོམས་སྦེ་ ཐོབ་སྟེ་ཡོད་ཟེར་ཨིན་པས།
གལ་སྲིད་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་འཐོབ་དགོ་པ་ཅིན་ འགོ་ཐོག་བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་ དང་ འབྲུག་ཀུན་མཉམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ལུ་ འགན་འཁྲི་སྦོམ་ཕོག་སྟེ་ཡོདཔ་བཞིན་དུ་ ཚོགས་རྒྱན་གྱི་ རྒྱབ་ སྐྱོར་འབད་མི་ ལེ་ཤ་ཅིག་ར་ མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ འོང་སྟེ་ཡོད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
དཔེར་ན་ སྤ་རོ་རྫོང་ཁག་ལམ་གོང་-ཝང་ཅང་འདེམས་ཁོངས་ནང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་དང་ འགོ་འདྲེན་པ་ཅིག་གིས་ འགོ་ཐོག་བཙག་འཐུའི་ནང་ ཚོགས་པ་དེ་ ཕམ་སོང་པའི་ཤུལ་ལུ་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ གཏན་འཁེལ་བཟོ་མི་དེ་ཡང་ གཙོ་འཛིན་ཁོ་ར་གིས་ མི་དེ་ལུ་ ལན་ཐེངས་༢ གཤག་བཅོས་འབད་མི་ལུ་བརྟེན་ཨིན་པས་ཟེར་ བློ་གྲོས་ཚེ་རིང་གིས་ བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་འབད་མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་པ་སྦེ་ འཛུལ་ཞུགས་འབད་མི་ཚུ་ཡང་ འདས་པའི་ལོ་༡༠ གྱི་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་འབད་མི་ འབྲུག་ཕུན་སུམ་ཚོགས་པ་ལུ་ མ་དགའ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་ཚུ་ནང་ སྐུལ་བསྒྲགས་འབད་བར་འོང་མི་ གཙོ་འཛིན་གྱིས་ བཤད་མིའི་ནང་ ཁོ་གི་ཚོགས་པ་གིས་ ཤར་ཕྱོགས་རྫོང་ཁག་༦ གི་ འདེམས་ཁོངས་༡༧ ལས་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་-སྨིན་རྒྱས་འདེམས་ཁོངས་ནང་རྐྱངམ་གཅིག་ རྒྱལ་ཁ་ཐོབ་ཡོདཔ་ལས་ ལྷན་རྒྱས་གཞུང་ཚོགས་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ལས་ བློན་པོ་གཅིག་ཡང་ མི་འོང་ནི་མས་ཟེར་ཨིན་པས།
ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་ རེ་བ་ལས་འབད་བ་ཅིན་ བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་དང་ བསམ་རྩེ་རྫོང་ཁག་ རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ལས་ སྤྱི་བཏང་བཙག་འཐུའི་ནང་ རྒྱལ་ཁ་འཐོབ་པའི་ རེ་བ་བསྐྱེདཔ་ཨིན་པས།
དེ་ཡང་ འབྲུག་ཀུན་མཉམ་ཚོགས་པའི་ འདེམས་ངོ་དེ་ ཕམ་སོང་པའི་ཤུལ་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོའི་སྤུན་ཆ་ ཨིནམ་ལས་ ཚོགས་པའི་འགོ་འདྲེན་པ་སྦེ་ ལཱ་འབད་དོ་ཡོདཔ་ད་ འགོ་ཐོག་བཙག་འཐུ་ནང་ ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༣༥ དང་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༩༦༨ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༦༩༩ དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༨༩༤ ཐོབ་མི་ལུ་ལྟཝ་ད་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནིའི་ འོས་འབབ་ ཡོད་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
ཁོ་གིས་ སླབ་མིའི་ནང་ ལྷོ་མཚམས་རྫོང་ཁག་ཚུ་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ཚད་མེད་བྱིན་མི་དེ་ མི་སེར་ཚུ་གིས་ སྲིད་དོན་གྱི་སྐོར་ ལེགས་ཤོམ་སྦེ་ ཧ་གོ་བའི་ རྟགས་མཚན་ཨིན་མི་དེ་ཡང་ གསར་སྤང་དང་ དར་དཀར་ནང་ རྩི་རང་རྫོང་ཁག་གི་ འདེམས་ཁོངས་ཆ་མཉམ་ནང་ སྲིད་ཚོགས་གཞན་ཚུ་ལས་ ཨང་དང་པ་ཐོན་ཡོད་རུང་ བསམ་རྩེ་རྡོ་ཕུག་ཅན་_ རྟ་སྡིངས་འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག་ཟེར་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ རེ་བ་ལས་ལྷགཔ་སྦེ་ རྒྱལ་ཁ་ཐོབ་ཚུགས་མི་དེ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་དེ་ ངེས་པར་དུ་ དགོཔ་ཨིན་པའི་ རྟགས་མཚན་སྟོན་ཡི་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པའི་གཞི་རྩ་དང་ ལྟ་བ་དེ་ ཡོདཔ་དང་མེདཔ་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དེ་ཨིན་མི་ཡང་ གསོ་བའི་ཞབས་ཏོག་སྤྲོད་ནི་དང་ ན་གཞོན་ཚུ་ལུ་ ཉུང་ཤོས་ར་ སློབ་རིམ་༡༢ པའི་ཤེས་ཡོན་སྤྲོད་ནི་ དེ་ལས་ ཨ་ལོ་སྐྱེས་མི་ ཨམ་སྲུ་ཚུ་ལུ་ ཟླ་ངོ་༦ གི་རིང་ འཐུས་སྤྲོད་ནི་ཨིན་རུང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཚོགས་པའི་འདེམས་ཁོངས་༡ ལས་བརྒལ་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ འགོ་ཐོག་བཙག་འཐུ་ནང་ རྒྱལ་ཁ་ཐོབ་ཅིག་ར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཚོགས་པའི་སྐོར་ གསལ་བཤད་དང་ གོ་བརྡ་སྤྲོད་པར་འོང་ཡི་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
གལ་སྲིད་ མོང་སྒར་རྫོང་ཁག་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡ དགོ་པ་ཅིན་ དགྲ་མེད་རྩེ་-སྔ་ཚང་གི་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཇིགས་མེད་རྡོ་རྗེ་དེ་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ལས་ དྲག་ནི་ཨིན་རུང་ ལྡོག་ ཕྱོགས་ཚོགས་པ་ལུ་ བློན་པོ་འབད་ནིའི་ གོ་སྐབས་མེད་ཟེར་ཨིན་པས།
གཙོ་འཛིན་གྱིས་ རྒྱལ་ཡོངས་ལས་མི་གླ་ཆའི་སྐོར་ སླབ་མིའི་ནང་ གལ་སྲིད་ གཞུང་སྐྱོང་ཚོགས་པ་དེ་ འབྲུག་མཉམ་རུབ་ཚོགས་པ་ལུ་ མི་སེར་ཚུ་གིས་ གནང་པ་ཅིན་ ད་རེས་ཡོད་མི་ རྒྱལ་ཡོངས་ལས་མིའི་གླ་ཆ་ ཉིནམ་རེ་ལུ་ དངུལ་ཀྲམ་༢༡༥ བྱིན་མི་དེ་ དངུལ་ཀྲམ་༤༥༠ ལུ་ ཡར་སེང་འབད་འོང་ཟེར་ཨིན་པས།
དུས་ཅི་ འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ གློག་མེ་འཕྲུལ་ཁང་ཚུ་ སྒེར་སྡེ་ལུ་ རྩིས་སྤྲོད་ཐོག་ལས་ འོང་འབབ་དེ་ རྒྱལ་ཁབ་ཀྱི་དོན་ལུ་མེན་པར་ སྒེར་སྡེ་རྐྱངམ་གཅིག་གིས་ འཐོབ་ནི་མས་ཟེར་ བཙན་མཁར་རྒེད་འོག་ ཨའུ་ཚོ་སློབ་གྲྭ་ལྟེ་བའི་ནང་ བློ་གྲོས་ཚེ་རིང་གིས་ མི་སེར་དང་ ཕྱད་པའི་སྐབས་ བཤད་ཅི།
དེ་འབདཝ་ད་ འབྲུག་མཉམ་རུབ་ཚོགས་པའི་ལྟ་བ་དང་ གཞི་རྩ་ལས་འབད་རུང་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་མེདཔ་བཟོ་ནི་ལུ་ གཞི་བཞག་ཐོག་ མི་སེར་ཉམ་ཆུང་ཚུ་ ཡར་རྒྱས་གཏང་ནི་དེ་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་ལྟ་བ་དེ་ མི་ཕྱུགཔོ་ཡར་རྒྱས་ གཏང་ནི་དེ་ཨིནམ་ལས་ མི་སེར་ཚུ་གིས་ དབྱེ་བ་ལེགས་ཤོམ་དཔྱད་དགོཔ་ གལ་ཆེ་ཟེར་ བློ་གྲོས་ཚེ་རིང་གིས་ བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ ཤར་ཕྱོགས་རྫོང་ཁག་ནང་ སྐུལ་བསྒྲགས་འབད་བའི་ཤུལ་ལས་ ཁ་ཙ་ བུམ་ཐང་རྫོང་ཁག་གི་ མི་སེར་ཚུ་དང་ ཕྱད་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *