འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ དོགས་སེལ་འབད་བའི་བསྒང་།

འབྲུག་མཉམ་རུབ་ཚོགས་པ་གིས་ ཁ་ཉེས་བཀལ་མི་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་བདེན་ཟེར་བཤད་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ སྐྱོན་བརྗོད་འབད་ནིའི་དོན་ལས་ ན་གཞོན་ག་ཡང་ བཙུགས་བཙུགསཔ་མེད་པའི་ཁར་ མཉམ་རུབ་ཚོགས་པ་གིས་ ཚོགས་པ་ལུ་ ཁ་ཉེས་བཀལ་མི་དེ་ མི་བདེན་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ མོང་སྒར་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ན་གཞོན་༢༠ དེ་ཅིག་ལུ་ ལཱ་གཡོག་སྤྲོད་དེ་ མི་སྡེ་བརྡ་བརྒྱུད་ཚུ་ནང་ མཉམ་རུབ་ཚོགས་པ་ལུ་ སྐྱོན་བརྗོད་འབད་དེ་ དམའ་ཕབ་རྐྱབ་མས་ཟེར་ སེམས་འཁྲུལ་སྣང་དང་བཅསཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུག་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་ཕུར་པ་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁ་ཉེས་འདི་བཟུམ་བཀལ་མི་དེ་ མི་བདེན་ཟེར་ བཤདཔ་ཨིན་པས།
སངས་རྒྱས་ཕུར་པ་གིས་ བཤད་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ལཱ་ག་ཅི་ར་འབད་རུང་ ཚོགས་པའི་གཞི་རྩ་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ འབདཝ་མ་ཚད་ ཚོགས་པའི་གཙོ་འཛིན་གྱི་ ཧོངས་ལས་འབད་རུང་ གཞན་ལུ་ སྐྱོན་བརྗོད་འབད་ནི་མེན་པར་ དྭངས་གསལ་ཐོག་ལས་ ལཱ་འབད་དགོཔ་སྦེ་ སྲིད་ཚོགས་ནང་ ལཱ་འབད་མི་དང་ འདེམས་ངོ་ འགོ་འདྲེན་པ་ དེ་ལས་ རྒྱབ་སྐྱོར་པ་ཚུ་ལུ་ ཡང་བསྐྱར་དུ་ སླབ་བཞིན་དུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སྡེ་བརྡ་བརྒྱུད་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ལས་ འགོ་བཙུགས་ཏེ་ འདེམས་ངོ་ཚུ་ལུ་ སྐྱོན་བརྗོད་འབད་དེ་ཡོདཔ་ལས་ ཚོགས་པ་གིས་ཡང་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཁ་ཉེས་བཀལ་དགོཔ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ མི་སྡེ་བརྡ་བརྒྱུད་ནང་ རང་སོའི་རང་དབང་སྤྱོད་དེ་ བསམ་འཆར་བརྗེ་སོར་འབད་སའི་ གྲོས་གནས་ཅིག་ཨིནམ་བཞིན་དུ་ ད་ལྟོ་ བཙག་འཐུའི་དུས་ཚོད་ཨིནམ་ལས་ ཡིད་ཆེས་བསྐྱེད་དགོཔ་ཅིག་ མ་བྱུང་ཟེར་ སངས་རྒྱས་ཕུར་པ་གིས་ བཤདཔ་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་འབད་བ་ཅིན་ ཚོགས་པ་གིས་ ན་གཞོན་༢༠ བཙུགས་ནི་ཕར་བཞག་ ཐ་ན་ ཚོགས་པའི་ནང་ ལཱ་འབད་མི་ཚུ་ལུ་ཡང་ འཐུས་སྤྲོད་མ་ཚུགས་པར་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་པ་གིས་ གནད་དོན་དེ་ སེལ་ནི་ལུ་ གོ་སྐབས་བཟུམ་ཅིག་སྦེ་ ལེནམ་ཨིན་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་མི་འབད་ཟེར་ཨིན་པས།
བློ་གྲོས་ཚེ་རིང་གིས་ མོང་སྒར་གྱི་ མི་སེར་ཚུ་ལུ་ སླབ་མིའི་ནང་ ཁོ་གིས་ ལོ་༥༠ འི་རིང་ལུ་ མི་ག་ལུ་ཡང་ མགུ་སྐོར་དང་ ཤོབ་རྐྱབ་ ཨར་རྐུན་ལ་སོགས་པའི་ཐོག་ལས་ ཚར་གཅིག་ཡང་ བྱ་ངན་འབད་འབདཝ་ མེད་པའི་ཁར་ བཙག་འཐུའི་བྱ་རིམ་ནང་ མི་ག་གིས་འབད་རུང་ དེ་བཟུམ་མའི་ མ་བདེན་པའི་ གཏམ་ངན་ཐོག་ལས་ སྐྱོན་བརྗོད་འབད་ནི་དང་ དམའ་ཕབ་འབད་ནི་མི་འོང་ཟེར་ཨིན་པས།
གློག་མེ་འཕྲུལ་ཁང་གི་ཐད་ལུ་ སྒེར་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ སྒེར་སྡེ་ཚུ་ལུ་ བཅམ་མར་གཏོགས་ནིའི་ གོ་སྐབས་བྱིན་ནི་མ་གཏོགས་ བཟོ་སྐྲུན་འབད་ནིའི་ནང་ སྒེར་སྡེ་ལུ་ སྤྲོད་ནི་ཨིན་ཟེར་ སླབ་མི་དེ་ མི་བདེན་ཟེར་ ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ དོགས་སེལ་འབད་བའི་ཁར་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ནང་ཡང་ དྭངས་གསལ་ཐོག་ལས་ བཙུགས་ཏེ་ཡོད་ཟེར་ བཤད་ཅི།
ཁོ་གིས་འབད་བ་ཅིན་ སྐུལ་བསྒྲགས་འབད་ནིའི་ དུས་ཚོད་སྐབས་ གཞི་དེ་ར་ སྲིད་དོན་ཚོགས་པའི་ ཁས་བླངས་ཚུ་ལུ་ བཞག་དགོ་མི་དེ་ཡང་ ཁས་བླངས་དེ་ འོས་འབབ་ཡོད་མེད་དང་ འབད་ཚུགས་པའི་ ཁས་བླངས་ཨིན་མེན་ཚུ་ དབྱེ་བ་དཔྱད་དེ་ འབད་དགོཔ་ལས་ སྐྱོན་བརྗོད་གྲངས་སུ་ ངོས་ལེན་འབད་ནི་མི་འོང་ཟེར་ཨིན་པས།
ཚོགས་པ་གཞན་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ཚུ་ལུ་ སྐྱོན་བརྗོད་འབད་བ་ཅིན་ ངོས་ལེན་འབད་ཐོག་ལས་ མི་སེར་ཚུ་ལུ་ ལེགས་ཤོམ་སྦེ་ ཁུངས་སྐྱེལ་ནི་ལུ་ གོ་སྐབས་བཟུམ་ཅིག་སྦེ་ བརྩི་འཇོག་འབད་ནི་ཨིན་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་གྱིས་ མ་གཞི་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་ཚུ་ལུ་ འཁྲུལ་སྣང་ཐོག་ལས་ བཤད་དོ་བཟུམ་མཐོང་ཡོང་རུང་ སྐྱོན་བརྗོད་ལུ་ གདོང་བཟེད་མ་ཚུགས་པའི་ འགོ་ཁྲིདཔ་ཅིག་སྦེ་ མཐོང་ཅི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ མི་སྡེ་བརྡ་བརྒྱུད་ནང་ ཐོན་མི་ག་ར་ ངོས་ལེན་འབད་ནི་མི་འོང་ཟེར་ཨིནམ་ད་ གལ་སྲིད་ སྐྱོན་བརྗོད་ངོ་མ་སྦེ་ འབད་དེ་ཡོད་པ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ ངོས་ལེན་འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *