༉ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་བསྡོམས་༣༠,༡༨༣ ཡོདཔ་ལས་ གསར་སྤང་དེ་ རྫོང་ཁག་སྦོམ་ཤོས་ བཀྲིས་སྒང་དང་ བསམ་རྩེ་ མོང་སྒར་ཚུ་གི་ཤུལ་ལས་ ཚོགས་རྒྱན་སྐྱུར་མི་ མངམ་ཡོད་མི་ རྫོང་ཁག་༤ པ་ཨིན་པས།
ཚོགས་རྒྱན་སྐྱུར་མིའི་ གྱངས་ཁ་མངམ་སྦེ་ ཡོད་ནི་དེ་གིས་ སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ གལ་གནད་ཅན་ཅིག་ཨིན་པས།
དེ་འབདཝ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ གསར་སྤང་རྫོང་ཁག་གི་ འདེམས་ཁོངས་གཉིས་ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོད་རུང་ དགེ་ལེགས་ཕུག་འདེམས་ཁོངས་ནང་ ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ ཚོགས་རྒྱན་གྱི་ ཁྱད་པར་གངམ་མ་ཐོན་པས།
ཤོམ་སྤང་ཁ་འདེམས་ཁོངས་ནང་ ཚོགས་རྒྱན་བསྡོམས་༨,༡༡༥ བཙུགས་ས་ལས་ མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༣,༢༧༡ ཐོབ་ཡོདཔ་ད་ ཚོགས་པ་དང་ དོ་འགྲན་སྒྲིང་སྒྲི་འབད་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༢,༥༡༩ ཐོབ་ནུག།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༡,༣༤༢ དང་ འབྲུག་ཀུན་མཉམ་ཚོགས་པ་གིས་༩༨༣ ཐོབ་ཡོདཔ་ད་ ཤོམ་སྤང་ཁ་འདེམས་ཁོངས་ཀྱིས་ འཕྲུལ་ཆས་ཚོགས་རྒྱན་༥,༩༤༥ དང་ འགྲེམ་ཐོག་ཚོགས་རྒྱན་༢,༡༧༠ཐོབ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ནང་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣,༤༨༨ ཐོབ་སྟེ་ དོ་འགྲན་པ་ ཕུན་སུམ་ཚོགས་པ་དེ་ ཚོགས་རྒྱན་༡༢༠གིས་ ཕམ་བཏང་ཡོདཔ་ད་ ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༣,༣༦༨ ཐོབ་ནུག།
ཨིན་རུང་ ཁྲུང་ཁྲུང་གིས་ ཁམ་ཤིང་མེ་ཏོག་དེ་ འཕྲུལ་ཆས་ཚོགས་རྒྱན་ནང་ ཕམ་བཏང་མི་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་༡,༩༩༨ ཐོབ་ཡོདཔ་ད་ མཉམ་རུབ་ཚོགས་པ་གིས་ ༡,༩༢༦ དང་ དམངས་གཙོ་ཚོགས་པ་གིས་༡,༦༡༣ ཀུན་མཉམ་ཚོགས་པ་གིས་༩༦༢ ཐོབ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ཀྱིས་ ཚོགས་རྒྱན་བསྡོམས་༩,༧༥༨ ཐོབ་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་ཉུང་སུ་ཐོབ་མི་ མི་སེར་དམངས་གཙོ་ཚོགས་པ་དེ་ ཕམ་བཏང་མི་དེ་ཡང་ ཚོགས་པ་དེ་གིས་ ཚོགས་རྒྱན་བསྡོམས་༡,༤༦༦ དང་ དམངས་གཙོ་ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་༨༢༣ བརྩིས་ཏེ་ ཚོགས་རྒྱན་༡,༤༣༦ ཐོབ་ནུག།
དགེ་ལེགས་ཕུག་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༡༧,༢༤༢ དང་ ཤོམ་སྤང་ཁ་འདེམས་ཁོངས་ནང་༡༢,༩༤༡ ཡོདཔ་ཨིན་པས།
འབྲུག་ཀུན་མཉམ་ཚོགས་པའི་ འཐུས་མི་ཅིག་ཨིན་མི་ གསར་སྤང་ལས་ ཀི་ཝཱལ་རམ་ གི་མི་རི་གིས་ སླབ་མིའི་ནང་ ཀུན་མཉམ་ཚོགས་པ་དེ་ སྲིད་ཚོགས་གསརཔ་འབདཝ་ལས་ རྒྱལ་ཁ་ཐོབ་མ་ཚུགས་ཟེར་ཨིནམ་ད་ ང་བཅས་ཀྱི་ སྲིད་ཚོགས་ཀྱིས་ ཚོགས་པ་གཞན་བཟུམ་སྦེ་ གྲོང་གཡུས་ཚུ་ནང་ ལྷོད་མ་ཚུགས་རུང་ ཤུལ་མའི་བཙག་འཐུ་ནང་ སྲིད་ཚོགས་སྒྲིང་སྒྲི་སྦེ་ འཐོན་འོང་ཟེར་ བཤདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ བསོད་ནམས་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གི་ཚོགས་པ་གིས་ རྫོང་ཁག་དེ་ནང་ འཇམ་ཏོང་ཏོ་སྦེ་ རྒྱལ་ཁ་ཐོབ་མི་དེ་ ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ཚུ་ ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ད་ བཙག་འཐུའི་གྲུབ་འབྲས་ལུ་བལྟ་སྟེ་ ཁོ་ སེམས་དགའ་ཡི་ཟེར་ བཤདཔ་ཨིན་པས།
དགེ་ལེགས་ཕུག་དཔལ་རི་ཐང་ ཚོགས་རྒྱན་གྲངས་རྩིས་ལྟེ་བའི་ནང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཅིག་གིས་ སླབ་མིའི་ནང་ ཚོགས་པ་དེ་ འདེམས་ཁོངས་དེ་ནང་ལས་ ཨང་གཉིས་པ་ཐོན་རུང་ གྲུབ་འབྲས་ལུ་བལྟ་སྟེ་ ངལ་རངས་ཡོདཔ་མ་ཚད་ སྤྱིར་བཏང་བཙག་འཐུ་ནང་ གྲུབ་འབྲས་ཚུ་ དེ་བ་དྲགཔ་ འཐོན་ནི་གི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།