༉ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ དར་དཀར་ནང་རྫོང་ཁག་ ལྷ་མོའི་རྫིང་ཁ་-བཀྲ་ཤིས་སྡིངས་འདེམས་ཁོངས་ནང་ སྐུལ་བསྒྲགས་འབདཝ་ད་ སྲིད་དོན་ནང་ ཏི་རུའི་འབྲེལ་གནད་ རྩ་ལས་མེད་པ་ཅིན་ ཚོགས་པ་ལུ་ བཙག་འཐུའི་ནང་ལས་ རྒྱལ་ཁ་འཐོབ་ནི་གི་ གོ་སྐབས་ལེགས་ཤོམ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ད་རུང་ ནན་བསྐྱར་དུ་ སླབ་པ་ཅིན་ སྲིད་དོན་ནང་ ཏི་རུ་དང་འབྲེལ་བའི་ ལྷད་མ་ཞུགས་པ་ཅིན་ དུས་ཅིའི་གྲུབ་འབྲས་དེ་ མ་འདྲཝ་ཅིག་སྦེ་ར་ འཐོན་འོང་ཟེར་ མི་སེར་ཚུ་ལུ་ སླབ་ཡོདཔ་སྦེ་ གཙོ་འཛིན་གྱིས་ སྐུལ་བསྒྲགས་འབད་བའི་ཤུལ་ལུ་ ཀུན་གསལ་ལུ་ བཤད་ནུག།
འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་གྱིས་ གོམས་འདྲིས་ལྟ་སྐོར་ལས་རིམ་དེ་ དར་དཀར་ནང་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྐུལ་བསྒྲགས་དེ་ཡང་ ད་རིས་ རྫོང་ཁག་འདི་ནང་ མཇུག་བསྡུ་མི་དེ་ རྟེན་འབྲེལ་ལེགས་ཤོམ་ཅིག་ཨིན་པས།
ཚོགས་པ་དེ་གིས་ སྐུལ་བསྒྲགས་ལས་རིམ་དེ་ དར་དཀར་ནང་ལས་ མཇུག་བསྡུ་ནི་སྦེ་ གདམ་ཁ་རྐྱབ་དགོ་པའི་ གནད་དོན་༢ ཡོད་མི་དེ་ཡང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མ་དང་འཁྲིལཝ་ད་ དར་དཀར་ནང་དེ་ རྫོང་ཁག་༢༠ ལས་ རྫོང་ཁག་སྤྱང་ཀའམ་ སྐྱོ་དྲགས་ཨིནམ་ལས་ ཚོགས་པའི་ལྟ་བ་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་གི་ དམིགས་འཆར་དང་ མ་མཐུན་ནི་དེ་གིས་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ མཉམ་རུབ་ཀྱིས་ སྤྱང་ཀ་ཚུ་ ཡར་ཐོན་ཏེ་ ཁྱད་པར་ཉུང་སུ་བཟོ་ནི་དང་ དར་དཀར་ནང་དེ་ ལོག་སྟེ་ར་ སྟོབས་ཤུགས་ཅན་གྱི་ རྫོང་ཁག་བཟོ་ནི་ལུ་ གཙོ་བོར་བཟུང་ནི་ཟེར་ཨིན་པས།
དར་དཀར་ནང་ གདམ་ཁ་རྐྱབ་དགོ་པའི་ གནད་དོན་གཞན་དེ་ རྒྱལ་རབས་ཅན་གྱི་ དར་དཀར་བཀྲིས་གཡང་རྩེ་རྫོང་དེ་ འབྲུག་རྒྱལ་ཁབ་གཅིག་སྒྲིལ་བཟོ་བའི་ བརྡ་མཚོན་འབད་ནི་དེ་གིས་ཨིནམ་ད་ སྲིད་དོན་གྱི་ འབྲེལ་གནད་ལུ་བརྟེན་ དབྱེ་ཁག་བཟོ་བཏང་མི་ མི་སེར་ཚུ་ གཅིག་མཐུན་བཟོ་སྟེ་ ལཱ་གཅིག་ཁར་འབད་ནིའི་དོན་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ད་རིས་ དར་དཀར་བཀྲིས་གཡང་རྩེ་རྫོང་ནང་ ཕྱག་དང་སྙན་དར་ཕུལ་ཐོག་ལས་ སྐུལ་བསྒྲགས་མཇུག་བསྡུ་ནི་ཨིན་པས།
སྐུལ་བསྒྲགས་ཀྱི་སྐབས་ལུ་ གཙོ་འཛིན་གྱིས་ སྲིད་དོན་ཚོགས་པ་གཞན་ཚུ་བཟུམ་སྦེ་ ཚོགས་རྒྱན་བརྐུ་ནི་དང་ ཡང་ཅིན་ ཉོ་བར་འོངམ་མེན་པར་ མཉམ་རུབ་ཚོགས་པ་ལུ་ མི་སེར་གྱིས་ གོ་སྐབས་ཅིག་ གནང་པ་ཅིན་ ག་དེ་སྦེ་ ཕྱག་ཞུ་ནི་ཨིན་ན་དང་ ཞབས་ཏོག་ག་ཅི་ མཁོ་སྤྲོད་འབད་ཚུགས་ནི་ཨིན་ན་ ཤེས་རྟོགས་ཡོདཔ་ བཟོ་ཐབས་ལུ་ འོང་ཡོདཔ་ལས་ ཁས་བླངས་གངམ་འབད་ནི་མེད་ཟེར་ བཤད་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་དེ་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ གསོ་བའི་ལམ་ལུགས་ ལེགས་བསྒྱུར་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ ཡོདཔ་དང་མེད་མིའི་ཁྱད་པར་ ཉུང་སུ་བཟོ་ཐབས་ལུ་ འགྲུལ་འཕྲིན་གྱི་ ཤོག་བྱང་སྤྱོད་འཐུས་ མེདཔ་བཟོ་ནི་དང་ སློབ་རིམ་༡༠ པའི་སྐུགས་ཚད་མེདཔ་བཟོ་འོང་ཟེར་ བཤད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་གི་ གནས་ཡུན་སྐབས་ རྒེད་འོག་ལྟེ་བ་དང་ ཞིང་ལམ་ཚུ་ སེལ་མི་ལུ་ བློ་གྲོས་ཚེ་རིང་གིས་ བཀྲིན་དགའ་ཚོར་ཡོད་ལུགས་ བཤད་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒེད་འོག་ལྟེ་བའི་ འཁོར་ལམ་ཚུ་ རྩི་ནག་བཏང་མི་ལུ་ཡང་ དགའ་ཚོར་ཡོད་ཟེར་ བཤད་ཡོདཔ་ད་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་པ་འདི་ དབང་ཚད་ཁར་ ལྷོད་པ་ཅིན་ ཞིང་ལམ་ཆ་མཉམ་ལུ་ གཡུར་བ་ལེགས་ཤོམ་སེལ་ནི་དང་ ལམ་བདའ་སྟེ་ རྡོ་སྒྲིག་ནི་ཟེར་ བཤད་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ལྷ་ཁང་དགོན་སྡེ་དང་ མཱན་དིར་ གཞི་རྟེན་སྨན་ཁང་ཚུ་ནང་བཏོན་མི་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་ཨིནམ་མ་ཚད་ སོ་ནམ་པ་ཚུ་གིས་ ཞིང་ལམ་ཚུ་ རྒྱུན་སྐྱོན་འབད་མ་དགོཔ་ ངེས་བརྟན་བཟོ་ནི་ཟེར་ གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།