༉ འབྲུག་མཉམ་རུབ་ཚོགས་པ་གིས་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་ ཁ་ཙ་ ཐིམ་ཕུག་ན་གཞོན་དང་རྩེད་རིགས་སྡེ་ཚན་གྱི་ ཡིག་ཚང་ནང་ གཞུང་འབྲེལ་ཐོག་ འགོ་བྱེད་འབད་བའི་ཤུལ་ལས་ སྤུ་ན་ཁ་ལུ་ སྐུལ་བསྒྲགས་ཀྱི་ ལས་རིམ་ཚུ་ འགོ་བཙུགས་ཅི།
ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་འཁྲིལཝ་ད་ གསོ་བ་དང་ དཔལ་འབྱོར་གོང་འཕེལ་ སོ་ནམ་ ཆུ་ལམ་སྲོལ་ ལཱ་གཡོག་ ཤེས་རིག་ མི་སྡེ་ཞབས་ཏོག་ ཨམ་སྲུ་དང་ ཨ་ལོ་ བརྒྱུད་འཕྲིན་ ཞི་གཡོགཔ་ཟེར་ དབྱེ་ཁག་༡༣ གྱི་ཐོག་ལུ་ བཟོ་སྟེ་འདུག།
གསོ་བའི་ཞབས་ཏོག་ མ་འདྲཝ་ཚུ་ ཐོབ་ཚུགས་པའི་ མཁས་མཆོག་ག་ར་ཡོད་པའི་ སྨན་ཁང་སྦོམ་ཅིག་ རྐྱབ་ནི་དང་ ཨེན་ཌསི་ཀོ་པི་ གློག་པར་བཏབ་ནི་དང་ ཁྲག་བརྟག་དཔྱད་འབད་ནིའི་ གྲོས་འདེབས་ཕུལ་ནི་ཟེར་ བཀོད་ནུག།
དཔལ་འབྱོར་གྱི་ཐད་ལུ་ ཁྲལ་བསྡུ་ལེན་འབད་ནི་དང་ ལམ་ལུགས་ལེགས་བཅོས་འབད་ཞིནམ་ལས་ ཐེར་འབུམ་དངུལ་ཀྲམ་༡༠ དེ་ཅིག་ བསྡུ་ལེན་འབད་ནི་དང་ སྒེར་གྱི་ཁྲལ་སྤྲོད་མ་དགོ་པའི་ ཚད་གཞི་དངུལ་ཀྲམ་༣༠༠,༠༠༠ ལུ་ ཡར་སེང་འབད་ནི་དང་ ཚོང་ལཱ་རྐྱབ་མི་ཚུ་གི་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ ཚུན་ དགོངས་ཡངས་བྱིན་ནི་ཨིན་པས།
སོ་ནམ་གོང་འཕེལ་གྱི་ཐད་ལུ་ གཞུང་གིས་ སོ་ནམ་ཐོན་སྐྱེད་ཚུ་ སོ་ནམ་པ་ཚུ་ལས་ ཉོ་ཞིནམ་ལས་ ཚོང་འབྲེལ་འཐབ་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ ས་གནས་ཁག་ཚུ་ནང་ བསིལ་དྲོད་ལྡན་པའི་ མཛོད་ཁང་རྐྱབ་ནི་ཟེར་ཨིན་པས།
ཆུ་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ ལས་སྡེ་གསརཔ་ཅིག་ གཞི་བཙུགས་འབད་ནི་དང་ ཞིང་ཆུ་མེད་པའི་ ས་ཆ་ཚུ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་བཅུག་ནི་ཨིན་པས།
ལམ་སྲོལ་གྱི་ཐད་ལུ་ བསམ་རང་སེམས་ཅན་སྲོག་གཅོན་ཁང་དེ་ སྒོ་བསྡམ་ཞིནམ་ལས་ ཚོད་བསྲེ་དང་འབྲེལ་བའི་ ལས་འགུལ་གཞི་བཙུགས་འབད་ནི་ཟེར་ ཁས་བླངས་གསལ་བསྒྲགས་ནང་བཀོད་ནུག།
ན་གཞོན་ལཱ་གཡོག་མེད་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ ལཱ་གཡོག་ལས་འཛིན་ཅིག་ གཞི་བཙུགས་འབད་ནི་དང་ སྒེར་སྡེ་ལུ་ རྒྱབ་སྐྱོར་འབད་དེ་ ལོ་གཅིག་ནང་ ལཱ་གཡོག་༥,༠༠༠ ཡོདཔ་བཟོ་ནི་ རྒྱལ་ཡོངས་ལས་མིའི་གླ་ཆ་༤༥༠ གུ་ ཡར་སེང་འབད་ནི་ དེ་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ཚུ་ལུ་ ལོ་གཅིག་གི་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་ འགོ་བཙུགས་ནི་ཨིན་པས།
ཤེས་རིག་གི་ཐད་ལུ་ སློབ་རིམ་༡༠ མཐར་འཁྱོལ་མི་ག་ར་ སློབ་རིམ་༡༡ པའི་ནང་ འགྱོ་ནིའི་དོན་ལུ་ སྐུགས་ཀྱི་ཚད་གཞི་ མེདཔ་བཟོ་ནི་དང་ སློབ་དཔོན་ཚུ་ལུ་ དངུལ་ཕོགས་དང་འཐུས་ཚུ་ ཡར་སེང་འབད་ནི་ སློབ་གྲྭ་ལྟེ་བ་ཚུ་ ལེགས་བཅོས་འབད་ནི་ མི་སྡེ་སློབ་གྲྭ་དང་ ཆུང་བ་ལོག་སྒོ་ཕྱེ་ནི་ཨིན་པས།
ཞི་གཡོགཔ་ཚུ་གི་ཐད་ལུ་ ལོ་༥ ནང་ དངུལ་ཕོགས་ཚར་༢ ཡར་སེང་འབད་ནི་ཨིནམ་མ་ཚད་ འགྲུལ་འཐུས་དང་ ཉིན་འཐུས་འདྲ་མཉམ་སྦེ་བཟོ་ནི་དེ་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཨིན་པའི་གནས་ཚུལ།
སྤུ་ན་ཁ་ལས་ ཚེ་རིང་རྣམ་རྒྱལ།