འབྲུག་མཉམ་རུབ་ཚོགས་པ་ལུ་ ཁ་བཏང་མི་ ཕོ་སྐྱེས་ཅིག་ལུ་ ཉེས་བྱ་བཀལ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ པདྨ་དགའ་ཚལ་གྱི་ བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཁ་བཏང་མི་ མི་ངོ་ཅིག་ལུ་ ཉེས་བྱ་དངུལ་ཀྲམ་༦,༤༥༠ བཀལ་ཡོདཔ་མ་ཚད་ ཉེན་བརྡ་འབད་ནུག།

ལས་ལས་སྡེ་གིས་ ཞིབ་དཔྱད་འབད་བའི་སྐབས་ ཤུ་མར་རྒེད་འོག་ ནང་སྐོར་ལས་ ཆོས་སྐུ་དབང་རྒྱལ་གྱིས་ མི་སྡེ་བརྡ་བརྒྱུད་ཝི་ཅེཌ་སྡེ་ཚན་ཅིག་ནང་ འབྲུག་མཉམ་རུབ་ཚོགས་པ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཁ་བཏང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་སྦེ་ གྲོས་ཆོད་ནང་བཀོད་ནུག།

ཆོས་སྐུ་དབང་རྒྱལ་གྱིས་ཡང་ ཁ་བཏང་པའི་སྐོར་ ཁ་བཟེད་ཡོདཔ་ལས་  བཙག་འཐུའི་བཅའ་ཡིག་དང་ སྒྲིག་གཞི་ལས་ འགལ་ནུག་ཟེར་ཨིནམ་ད་ ལས་སྡེ་གིས་ ཁོ་ལུ་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་གླ་ཆ་ དངུལ་ཀྲམ་༢༡༥ རེ་རྩིས་ཏེ་ ཟླཝ་༡ གི་ ཉེས་བྱ་དངུལ་ཀྲམ་༦,༤༥༠ བཀལ་མི་དེ་ རྫོང་ཁག་གི་ འོང་འབབ་ཡིག་ཚང་ལུ་ བཏབ་དགོཔ་སྦེ་ཨིན་པས།

ད་རུང་ གྲོས་ཆོད་ནང་ དོན་དག་མེད་པའི་ མི་སེར་དང་ སྲིད་ཚོགས་ཀྱི་བར་ན་ བརྡབ་གསིག་ཐོག་ སྟབས་མ་བདེཝ་ བཟོ་མི་ཚུ་ གི་ ཉེན་ཁ་ག་ར་ ཆོས་སྐུ་དབང་རྒྱལ་གྱིས་ འབག་དགོཔ་མ་ཚད་ ད་ལས་ཕར་ སྲིད་ཚོགས་དང་ མི་སེར་གྱི་བར་ན་ བརྡབ་གསིག་གི་ བྱ་སྤྱོད་འབད་བ་ཅིན་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལས་སྡེའི་ བཅའ་ཡིག་དང་ སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་ ཉེས་ཁྲིམས་ཡངས་ཆགས་མེད་པར་ བཀལ་ནི་ཟེར་བཀོད་ནུག། 

པདྨ་དགའ་ཚལ་གྱི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༢༨ ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཝི་ཅེཌ་སྡེ་ཚན་ནང་ ཆོས་སྐུ་དབང་རྒྱལ་གྱིས་ མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་དང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ ཁུངས་མེད་པའི་ཁར་ ཚོགས་པའི་འདེམས་ངོ་ཚུ་ཡང་ ལྕོགས་གྲུབ་མེདཔ་སྦེ་ སླབ་ནུག་ཟེར་ཨིན་པས།

གནད་དོན་དེ་གི་སྐོར་ལས་ ཝི་ཅེཌ་སྡེ་ཚན་གྱི་ འཐུས་མི་ཅིག་གིས་ ཁོ་ལུ་ སླབ་པའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ ཉོགས་བཤད་བཙུགས་ཅི་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤད་པའི་ཁར་ ཆོས་སྐུ་དབང་རྒྱལ་གྱིས་ ཚོགས་པའི་རྒྱབ་སྐྱོར་པ་༣ ལུ་ དཔྱལ་ཐེ་དང་ ཁུངས་ག་ནི་ཡང་མེད་ཟེར་ སླབ་ནུག་ཟེར་ཨིན་པས།

ཆོས་སྐུ་དབང་རྒྱལ་གྱིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་མི་བཙུགས་ཟེར་ སླབ་ཡོདཔ་མ་ཚད་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་ཡང་ ཐལཝ་སྤུད་གཏང་ནི་ཟེར་ སླབ་ཡོད་པའི་ཁར་ ཚོགས་པའི་གཙོ་འཛིན་དེ་ འཆོལ་ལོང་ཨིནམ་ལས་ ཆོས་སྲུང་གསོལ་དགོཔ་འདུག་ཟེར་ སླབ་ནུག་ཟེར་ རྡོ་རྗེ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

སྐྱེས་ལོ་༦༡ ལང་མི་ ཆོས་སྐུ་དབང་རྒྱལ་གྱིས་ སླབ་མིའི་ནང་ ཁོ་གིས་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཁ་བཏང་ཡོདཔ་ ངེས་བདེན་ཨིན་རུང་ དེ་ཚེ་ ཁོ་ར་ཆང་འགྲངས་ཡོད་མི་ལུ་བརྟེན་ སླབ་ཡོདཔ་ལས་ མནོ་བཞིན་བསམ་བཞིན་དུ་ སླབ་སླབ་མེན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁག་བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ཡང་ ཁོ་ འབོ་ཞིནམ་ལས་ དྲི་དཔྱད་འབདཝ་ད་ཡང་ ངོས་ལེན་འབད་ཡོདཔ་བཞིན་དུ་ ལས་སྡེའི་གྲོས་ཆོད་ལུ་ཡང་ གུས་ཞབས་ཐོག་ དེ་ཚེ་ར་ ཉེས་བྱ་བཏབ་ཅི་ཟེར་ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *