འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གིས་ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་འཐབ་འབད་བའི་ ཁ་ཉེས་བཀལ་དོ་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཞུང་གི་དྲུང་ཆེན་རྒན་ཤོས་༣ དགོངས་ཕོགས་བཏང་པའི་སྐབས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་དམིགས་ཏེ་ བཏང་བཏངམ་འདྲས་མནོ་ཡོད་རུང་ ད་རེས་འབདཝ་ད་ གཞུང་གི་དམིགས་དོན་སོ་སོར་འདུག་ཟེར་ ཉེས་འཛུགས་འབདཝ་ཨིན་པས།
དེ་ཡང་ གཞུང་གིས་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་དང་ ས་གནས་གཞུང་གི་ཡོངས་ཁྱབ་མདོ་ཆེན་གཉིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ ངོ་སྤྲོད་འབད་མི་ལུ་ལྟཝ་ད་ གཞུང་གིས་ ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་ཟེར་མི་དེ་ མི་བདེན་པས་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ དྲུང་ཆེན་༣ དགོངས་ཞུ་བཏང་པའི་སྐབས་ ལོ་རྒྱུས་ཐོན་མི་དང་འཁྲིལཝ་ད་ འདས་པའི་གཞུང་དང་གཅིག་ཁར་ ཤུགས་ཆེ་སུ་ཅིག་ཨིན་པའི་ཁར་ ད་ལྟོའི་གཞུང་གིས་སླབ་མི་ལུ་ ཉན་མི་བཏུབ་པས་ཟེར་བའི་ ལོ་རྒྱུས་ཐོན་ཡོད་རུང་ དེ་ཚུ་མི་བདེན་པས་ཟེར་ཨིན་པས།
གཞུང་དབུ་བརྙེས་ཞིནམ་ལས་ གཞུང་གི་དབུ་ཁྲིདཔ་དེ་ བློན་ཆེན་ཨིནམ་ལས་ བློན་ཆེན་གྱིས་ མི་སེར་ལུ་ འདྲན་མཉམ་འབད་ནི་མ་གཏོགས་ ཁོ་ར་ ཚོགས་པའི་རེ་གཉིས་ཀྱི་ དབུ་ཁྲིདཔ་མེན་ཟེར་ཨིནམ་ད་ བློན་ཆེན་གྱིས་ གཞུང་སྐྱོང་གི་སྐབས་ལུ་ར་ འདེམས་ངོ་ཚུ་ཁྱིད་དེ་ གཡུས་བཤལ་འགྱོ་མི་དེ་ཡང་ ཚ་གྱང་ལང་པའི་ གཞི་ཅིག་ཨིན་མས་ཟེར་བཤད་ཅི།
ཚོགས་པའི་ལཱ་ཨིན་པ་ཅིན་ ཚོགས་པ་གིས་ འགོ་འདྲེན་ཐོག་ལས་འབད་ནི་མ་གཏོགས་ གཞུང་གིས་འབད་དགོཔ་མེད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
དེ་མ་ཚད་ དྲགོས་ཤེས་རབ་རྒྱལ་མཚན་གྱི་ རྩོད་བཤེར་དེ་ཡང་ ཁོ་ར་ཚོགས་པའི་དོན་ལུ་ ཤར་ཕྱོགས་ཁ་ཐུག་ལུ་འགྱོ་བའི་སྐབས་ གསར་ཤོག་ནང་ཐོན་ཡོད་པའི་ཁར་ ད་རུང་ ཚོགས་པའི་གཙོ་འཛིན་འོགམ་སྦེ་ གདམ་འཐུ་འབདཝ་ད་ཡང་ ཁྲིམས་འདུན་ལུ་བཙུགས་མི་ཚུ་ལུ་ལྟཝ་ད་ མི་སེར་ལུ་ཕྱག་ཞུ་མི་ གཞུང་ཨིན་པ་ཅིན་ དེ་བཟུམ་འབད་ནི་མི་འོང་ཟེར་ཨིན་པས།
ཐེངས་༡ དེ་ཅིག་ དུས་ཚོད་གཅིག་ཁར་ཕོག་པ་ཅིན་ སྟབས་ལེགས་སྟེས་དབང་གིས་ དུས་ཚོད་གཅིག་ཁར་ ཚུད་ནུག་ཟེར་ མནོ་ཚུགས་རུང་ ཐེངས་མང་རབས་ཅིག་ དེ་བཟུམ་འབད་མི་དེ་ གཞུང་གིས་འབད་མི་ཚུ་ མི་སེར་གྱིས་ ཧ་གོ་དགོཔ་འདུག་ཟེར་ཨིན་པས།
མི་སེར་ལུ་ཕྱག་ཞུ་མི་ གཞུང་ཨིན་པ་ཅིན་ སྲིད་ཚོགས་ནང་འཛུལ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་མ་གཏོགས་ རྐང་མར་བཤེད་དེ་ མར་འཐེན་ནི་མི་འོང་ཟེར་ཨིནམ་ད་ དྲགོས་ཀྱི་གནད་དོན་དེ་སྦོམ་ཅིག་མེནམ་ལས་ སྲིད་ཚོགས་ནང་འཛུལཝ་ཅིག་ དོན་དག་སྦོམ་བཟོ་ཡི་ཟེར་ཨིནམ་ད་ དྲགོས་བཟུམ་མའི་ མི་ཡོད་པ་ཅིན་ ངལ་རངས་བསྐྱེད་དགོ་ཟེར་ཨིན་པས།
དྲགོས་ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་ར་ རྩོད་གཞི་དེའི་སྐོར་ལས་ ཚ་གྱང་མ་ལང་རུང་ སྲིད་དོན་ནང་འཛུལ་མི་ མི་གཞན་ཚུ་ཡང་ ཧེ་མ་ ལོ་རྒྱུས་ག་ནི་ཡང་མེད་རུང་ ད་རེས་ནངས་པར་ འཐོན་ནི་འགོ་བཙུགས་ཏེ་འདུག་ཟེར་ཨིནམ་ད་ སྲིད་ཚོགས་ཀྱི་བཙག་འཐུ་རནམ་ད་ གནས་སྟངས་དེ་ དེ་བ་མངམ་སྦེ་ འཐོན་འོང་ཟེར་ཨིན་པས།
གཙོ་འཛིན་གྱིས་སླབ་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ རྩོད་གཞི་གཞན་མེདཔ་བཟུམ་སྦེ་ དྲགོས་ཤེས་རབ་རྒྱལ་མཚན་གྱི་ རྩོད་གཞི་དེ་ གཞན་གྱི་རྩོད་གཞི་ལུ་ དབྱེ་དཔྱད་འབད་བའི་སྐབས་ཐོན་མི་ཅིག་ཨིན་རུང་ གཙོ་རིམ་བཟུང་སྟེ་ འབད་དགོཔ་ཅིག་མ་མཐོང་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ཨིན་པའི་ ཉེན་སྲུང་དང་འབྲེལ་བའི་རྩོད་གཞི་ཨིན་པ་ཅིན་ གཙོ་རིམ་བཟུང་སྟེ་ འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *