འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་དང་ འཛིན་སྐྱོང་པ་ཕུར་པ་ འགོ་ཁྲིད་འབད་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ འགྱོ་བའི་བསྒང་།

འབྲུག་མཉམ་རུབ་ཚོགས་པ་གིས་ རྩ་ཁྲིམས་ཆེན་མོ་ལས་འགལ་བའི་ རྩོད་དོན་ཐོག་ གཞུང་ཁྲིམས་སར་བསྐྱལ་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་ཚོགས་པ་དེ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ད་ གལ་སྲིད་ ཁྲིམས་འདུན་ལས་ བཤེར་ཡིག་དེ་ལུ་ ངོས་ལེན་མཛད་པ་ཅིན་ རྒྱལ་ཁབ་ནང་ རྩ་ཁྲིམས་ཅན་དང་འབྲེལ་བའི་ རྩོད་གཞི་༢ པ་འོང་ནི་ཨིན་པས།

ཁ་ཙ་ འབྲུག་མཉམ་རུབ་ཚོགས་པ་གིས་ རྩོད་གཞི་དེ་ ཐོ་བཀོད་འབདཝ་དང་འབྲེལ་ ཆེ་མཐོ་ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་མཛད་པའི་སྐབས་ གསལ་ཞུ་ཕུལ་མིའི་ནང་ གཞུང་གིས་ རང་དབང་གི་ཐོག་ལས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཆ་འཇོག་གྲུབ་མི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་བའི་ཁར་ ཁྲིམས་ལུགས་གཞན་ དམངས་རྩིས་བཅའ་ཁྲིམས་ལ་སོགས་པ་ཚུ་ལས་ཡང་ འགལ་ནུག་ཟེར་ཨིན་པས།

ཁྲིམས་འདུན་ལུ་ཕུལ་མི་ བཤེར་ཡིག་དང་འཁྲིལཝ་ད་ དངུལ་འབྲེལ་མཐུན་རྐྱེན་ ཆ་འཇོག་གི་དོན་ལུ་ སྤྱི་ཚོགས་ལས་ གནང་བ་གྲུབ་དགོཔ་ཨིན་རུང་ དེ་བཟུམ་གྱི་ ལམ་ལུགས་དང་མ་འཁྲིལ་བར་ སྲིད་བྱུས་ལག་ལེན་འཐབ་པའི་སྐབས་ ཚོང་འབྲེལ་འཐབ་མི་ མང་ཤོས་ཅིག་གིས་ ཁྲལ་ཡངས་ཆག་ཐོབ་ཡོདཔ་བཞིན་དུ་ དེ་གིས་ སྲིད་དོན་གྱི་ ཁེ་ཕན་ཡོད་པའི་ གནད་དོན་ལུ་ འགྱུར་ནི་གི་ ཉེན་ཁ་ཡོདཔ་མ་ཚད་ མ་འོངས་པར་ གཞུང་ག་འོང་རུང་ རྩ་ཁྲིམས་ཆེན་མོ་ལུ་ བརྩི་བཀུར་མི་འབད་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།

དེ་ཡང་ འབྲུག་ཕུན་གསུམ་ཚོགས་པ་གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྤྱི་ཚོགས་ལས་ གནང་བ་མེད་པར་ ཆ་འཇོག་གྲུབ་མི་ལུ་བརྟེན་ དེ་བསྒང་གི་ ལྡོག་ཕྱོགས་ཚོགས་པ་ ད་ལྟོ་ གཞུང་སྐྱོང་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ རྩོད་གཞི་ཕྱེཝ་ད་ མངོན་མཐོ་ཁྲིམས་འདུན་ལས་ ཁྲིམས་ལས་འགལ་ནུག་ཟེར་ འཁྲུན་ཆོད་གནང་ཡོདཔ་ ཤེས་ཅི་མཐོང་ཅི་ར་ ད་རེས་ གཞུང་གིས་ཡང་ ཁྲིམས་ལུགས་དང་མ་འཁྲིལ་བར་ སྲིད་བྱུས་ཆ་འཇོག་གྲུབ་ཡོད་ཟེར་ཨིན་པས།

དེ་བཟུམ་ཆ་འཇོག་གྲུབ་མི་དེ་གིས་ སྲོལ་ཁྱུན་ལུ་གྱུར་ཏེ་ མ་འོངས་པའི་ གཞུང་ཚུ་གིས་ཡང་ དེ་བཟུམ་འབད་ནིའི་ ཉེན་ཁ་ཡོད་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་ བཤེར་ཡིག་ནང་བཀོད་ནུག།

འབྲུག་མཉམ་རུབ་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་དེ་ ལམ་ལུགས་དང་མ་འཁྲིལ་བར་ ཆ་འཇོག་གྲུབ་པའི་སྐོར་ལས་ གཞུང་ལུ་ ཁ་ཉེས་བཀལ་མིའི་ལན་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་གཞུང་གིས་ཡང་ སྤྱི་ཚོགས་ལས་ གནང་བ་མེད་པར་ དངུལ་འབྲེལ་སྲིད་བྱུས་ ཆ་འཇོག་གྲུབ་ཅི་ཟེར་མི་དེ་ ཚོགས་པའི་ཁ་ཐུག་ལས་འབད་བ་ཅིན་ འབྲུག་མི་ཚུ་གིས་ བཙག་འཐུ་གྲུབ་སྟེ་ བློན་ཆེན་ཐོབ་མི་དེ་ལུ་ ཡིད་ཆེས་འདྲོངས་མི་ཚུགས་ནི་མས་ཟེར་བཀོད་ནུག།

ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་ ཆ་འཇོག་གྲུབ་མི་དེ་ རྩ་ཁྲིམས་ཆེན་མོའི ་དོན་ཚན་༡༤.༡ ལས་འགལ་ཡོདཔ་བཞིན་དུ་ དེ་ནང་ ཁྲལ་དང་འཐུས་ དེ་ལས་ གླ་ཆ་ལ་སོགས་པ་ཚུ་ བསྒྱུར་བཅོས་འབད་ནིའི་དབང་ཚད་ ཁྲིམས་ལུ་མ་གཏོགས་མེད་ཟེར་ཨིནམ་ད་ ཁྲལ་གྱི་བསྒྱུར་བཅོས་དེ་ སྤྱི་ཚོགས་བརྒྱུད་དེ་རྐྱངམ་གཅིག་ འབད་ཆོག་ཟེར་ཨིན་པས།

དངུལ་འབྲེལ་མཐུན་རྐྱེན་དེ་ སྤྱི་ཚོགས་ལས་ གནང་བ་མེད་པར་ གཞུང་གིས་ ཐད་ཀར་དུ་ སྲིད་བྱུས་ལུ་ བསྒྱུར་བཅོས་འབད་ནི་དེ་གིས་ ཚོང་ལཱ་འབད་མི་ཚུ་ ཁྲལ་དགོངས་ཡངས་ཀྱི་ གོ་སྐབས་ཐོབ་ནུག།

སྲིད་བྱུས་དེ་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༧ ཚུན་ ལག་ལེན་འཐབ་བའི་སྐབས་ དངུལ་ཀྲམ་ཐེར་འབུམ་༡.༡༠༤ དེ་ཅིག་ ཁྲལ་ཡངས་ཆག་བཏང་ཡོདཔ་ད་ གལ་སྲིད་ དེ་ཚུ་ བསྡུ་ལེན་འབད་ཡོད་པ་ཅིན་ མི་མང་གི་ མ་དངུལ་ལུ་ བསྒྱུར་བཅོས་འབད་ཚུགས་ནི་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ གཞུང་ ཁྲིམས་འདུན་ལུ་ བསྐྱལ་མི་དེ་ ཁོང་ལུ་ སྲིད་དོན་གྱི་ ཁེ་ཕན་འཐོབ་ནི་ བལྟ་སྟེ་མེན་པར་ མཉམ་རུབ་ཚོགས་པ་དེ་ཡང་ སྲིད་ཚོགས་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ཆེན་མོ་ གོང་ལུ་བཀུར་ནི་དང་ བདག་འཛིན་འཐབ་ནིའི་འགན་ཁུར་ ཚོགས་པ་ལུ་ཡང་ ཕོག་ནི་དེ་གིས་ཨིན་ཟེར་ཨིན་པས།

ཚོགས་པའི་གཙོ་འཛིན་ ཌོག་ཊོར་རྟ་མགྲིན་རྡོ་རྗེ་གིས་འབད་བ་ཅིན་ རྩོད་གཞི་བཙུགས་མི་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ བྱང་ཕྱད་རྐྱབ་མེན་པར་ རྩ་ཁྲིམས་ཆེན་མོ་ལས་ འགལ་མི་བཅུག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

ཁ་ཙ་ སྣ་ཚོགས་སྙན་གསན་སྐབས་ ཁྲིམས་འདུན་ལས་ བཀའ་རྒྱ་གནང་མི་དང་འཁྲིལ་བ་ཅིན་ རྩོད་གཞི་དེ་ ངོས་ལེན་མ་གནང་པའི་ཧེ་མ་ རྩོད་གཞི་གི་རྒྱབ་ཁུངས་དང་ བདེན་ཁུངས་ དམིགས་ཡུལ་ དེ་ལས་ ཁྱབ་ཁོངས་དབང་ཆ་ག་ར་ བརྟག་ཞིབ་གནང་ནི་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ རྩོད་གཞི་དེ་ དྲང་དཔོན་༧ འབད་མི་ སྡེ་ཚན་ཅིག་གིས་ བསྐྱལ་ཞིབ་མཐིལ་ཕྱིན་ གནང་པའི་ཤུལ་ལས་ རྩོད་བཤེར་གྱི་དོན་ལུ་ ངོས་ལེན་མཛད་ནི་ཨིན་ན་དང་ ཕྱིར་འབུད་གཏང་ནི་ཨིན་ན་ དེ་བསྒང་རྐྱངམ་གཅིག་ ཤེས་ཚུགས་ཟེར་ བཀའ་གནང་ཡི།

འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་ཚུ་གིས་འབད་བ་ཅིན་ གཞུང་གིས་ དངུལ་འབྲེལ་མཐུན་རྐྱེན་དེ་ ཁྲིམས་དང་མ་འཁྲིལ་བར་ ཆ་འཇོག་གྲུབ་ནི་དེ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དངུལ་རྩིས་བློན་པོ་དགོངས་ཞུ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *