འབྲུག་བིན་དུ་གློག་མེ་འཕྲུལ་ཁང་གི་ ལས་འགུལ་བསྐྱར་ཞིབ་འབད་བའི་བསྒང་ཡོདཔ།

༉ གཞུང་གིས་ བསམ་རྩེ་བརྟན་འབྲུག་ལུ་ འབྲུག་བིན་དུ་གློག་མེ་འཕྲུལ་ཁང་གི་ ལས་འགུལ་གཞི་བཙུགས་འབད་ནིའི་དོན་ལུ་ ཁ་གསལ་བརྟག་ཞིབ་སྙན་ཞུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ འདས་པའི་བདུན་ཕྲག་ནང་ ཡུན་རིངམོ་གི་རྒྱབ་ལས་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཡོངས་འབྲེལ་ཐོག་ལས་ ཟླ་རིམ་ཞལ་འཛོམས་འཚོགས་པའི་སྐབས་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ བཤད་ཅི།

ད་རེས་ བསམ་རྩེའི་མི་སེར་ཚུ་ གློག་མེ་ལས་འགུལ་དེ་ ནམ་བཟོ་སྐྲུན་འབད་འོང་ག་ཟེར་ སག་ལང་སྟེ་ཡོདཔ་ད་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་མིའི་ནང་ བརྟན་འབྲུག་ལུ་ འབྲུག་བིན་དུ་གློག་མེ་ལས་འགུལ་ གཞི་བཙུགས་འབད་ནིའི་ གནད་དོན་དེ་ འཕྲལ་ཁམས་ཅིག་ཁར་ འཚོགས་ཡོད་པའི་ རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་བསྡུར་འབད་ནུག་ཟེར་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ གློག་མེ་འཕྲུལ་ཁང་རྐྱབ་ནིའི་དོན་ལུ་ ཁ་གསལ་བརྟག་ཞིབ་སྙན་ཞུ་ནང་ གློག་མེ་འཕྲུལ་ཁང་གཞི་བཙུགས་འབད་ནི་གི་ འོས་འབབ་ཡོདཔ་སྦེ་ བཀོད་ཡོདཔ་བཞིན་དུ་ ཁ་གསལ་བརྟག་ཞིབ་དེ་ཡང་ འབྲུག་བིན་དུ་གོ་རིམ་དང་པ་དང་༢ པ་སྦེ་ རྐྱབ་ནུག་ཟེར་ཨིན་པས།

བསྟན་རྒྱས་བློན་པོ་གིས་ སླབ་མིའི་ནང་ ཁ་གསལ་བརྟག་ཞིབ་སྙན་ཞུ་དེ་ ཧེ་མ་ལས་ གྲ་སྒྲིག་ཡོདཔ་ལས་ ད་ལྟོ་ གནས་སྟངས་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ གློག་མེ་འཕྲུལ་ཁང་དེ་ བཟོ་སྐྲུན་མི་འབད་ཟེར་ སླབ་མེན་ཟེར་ཨིན་པས།

ད་རེས་ནངས་པར་ མི་སེར་ཚུ་ གློག་མེ་འཕྲུལ་ཁང་གཞི་བཙུགས་འབད་ནིའི་ རེ་བ་བསྐྱེད་དེ་ སྒུག་སྡོད་ནུག་ཟེར་ཨིནམ་ད་ གཞུང་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ མི་སེར་ཚུ་ལུ་ གློག་མེ་འཕྲུལ་ཁང་ བཟོ་སྐྲུན་མི་འབད་ཟེར་ སླབ་སླབ་མེད་པའི་ཁར་ འཆར་གཞི་ནང་ཡོད་མི་ལས་ བཤོལ་བཞག་བཞགཔ་མེད་ཟེར་ བསྟན་རྒྱས་བློན་པོ་གིས་ བཤདཔ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་ལས་འགུལ་གྱི་དོན་ལུ་ ཁ་གསལ་བརྟག་ཞིབ་སྙན་འབད་ཚར་མི་ག་ར་ འཆར་གཞི་ནང་ཡོདཔ་ལས་ གོ་སྐབས་དང་ འོས་འབབ་ལྡན་པའི་ དུས་ཚོད་ལྷོད་པའི་སྐབས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་འོང་ཟེར་ གསུངས་པའི་ཁར་ ད་ལྟོ་ གློག་མེ་འཕྲུལ་ཁང་ རྐྱབ་ནི་ལུ་ གཏན་འཁེལ་སོང་མི་དང་ འཆར་གཞི་ནང་ལས་ བཤོལ་བཞག་མི་མེདཔ་ལས་ ག་ར་བཟོ་སྐྲུན་འབད་ནི་གི་ གོ་རིམ་ནང་ཡོད་ཟེར་གསུངས་ཡི།

འབྲུག་གློག་མེ་ལས་འགུལ་གྱི་ འོས་འབབ་བརྟག་ཞིབ་འབད་བའི་སྐབས་ གློག་ཤུགས་མེ་ག་ཝཱཊ་༡༢ འབད་མི་ བཟོ་སྐྲུན་འབད་ནིའི་ གྲོས་འཆར་ཕུལ་ཡོད་རུང་ ཤུལ་ལས་ ནུས་ཤུགས་དེ་ མེ་ག་ཝཱཊ་༡༨ ལུ་དང་ དེ་ལས་ མེ་ག་ཝཱཊ་༢༠ ལུ་ ཡར་སེང་འབད་ནུག།

ཨིན་རུང་ ལས་འགུལ་གྱིས་ གློག་མེ་ནུས་ཤུས་དེ་ མེ་ག་ཝཱཊ་༣༦ ལུ་ ཡར་སེང་འབད་ཡོདཔ་ད་ འབྲུག་བིན་དུ་གློག་མེ་ལས་འགུལ་དེ་ རྒྱལ་ཁབ་ནང་ འབྲུག་མི་གིས་ རྐྱབ་ནི་ཨིན་མི་ ལས་འགུལ་༢ ཡོད་མི་ལས་ གཅིག་ཨིན་པས།

གལ་སྲིད་ ལས་འགུལ་དེ་ རྐྱབ་ཚར་བའི་ཤུལ་ལས་ བཀྲིས་ཆོས་གླིང་དྲུང་ཁག་དང་ བསམ་རྩེ་ལུ་ གློག་མེ་ནུས་ཤུགས་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ད་ ལས་འགུལ་དེ་གིས་ ལོ་བསྟར་བཞིན་དུ་ གློག་ཤུགས་མེ་ག་ཝཱཊ་༨༢ ཐོན་སྐྱེད་འབད་ནིའི་ ཚོད་རྩིས་བཏོན་ཏེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *