འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གཙོ་འཛིན་གསརཔ་ ཨམ་སྲུ་བཙག་འཐུ་གྲུབ་ཡོདཔ།

༉ ཁ་ཙ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ སྐྱེས་ལོ་༤༠ ལང་མི་ བཀྲིས་སྒྲོལ་མ་དེ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གཙོ་འཛིན་གསརཔ་སྦེ་ བཙག་འཐུ་འབད་ཡི།

ད་ཚུན་གྱི་བར་ན་ མཐུན་ཚོགས་ཀྱི་ གཙོ་འཛིན་༣ སོར་ཡོད་མི་ལས་ ད་རེས་ བརྡ་བརྒྱུདཔ་ཨམ་སྲུ་ གཙོ་འཛིན་སྦེ་ བཙག་འཐུ་གྲུབ་མི་དེ་ དང་པ་ཨིན་པས།

གཙོ་འཛིན་གྱི་དོན་ལས་ དོ་འགྲན་འབད་མི་ ག་ཡང་མེད་པའི་ཤུལ་ལུ་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་པའི་སྐབས་ བཀྲིས་སྒྲོལ་མ་ལུ་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༣༤ དང་ འགྲེམ་ཐོག་ཚོགས་རྒྱན་༤ འབདཝ་ད་ དགོ་ཟེར་བའི་ ཚོགས་རྒྱན་༣༨ ཐོབ་སྟེ་ བཙག་འཐུ་གྲུབ་ཅི། 

བཀྲིས་སྒྲོལ་བ་གིས་ ཀུན་གསལ་ལས་འཛིན་ནང་ ཞུན་དག་པའི་ ལཱ་འགན་འབག་དོ་ཡོདཔ་ད་ མོ་ལུ་ རྒྱལ་སྤྱི་བརྡ་བརྒྱུད་ནང་ གཙུག་ལག་གོང་མའི་ཤེས་ཚད་ཡོདཔ་ཨིན་པས།

བཀྲིས་སྒྲོལ་མ་གིས་ སླབ་མིའི་ནང་ ད་རེས་བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་ཐོབ་མ་ཚུགས་པའི་གདོང་ལེན་ཡོདཔ་ལས་ མོ་ར་ གཙོ་འཛིན་སྦེ་ ཕྱག་ཞུ་བའི་སྐབས་ གནས་ཚུལ་གྱི་ ཐོབ་སྤྱོད་ཡོདཔ་བཟོ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་འོང་ཟེར་ཨིན་པས།

ད་རེས་ནངས་པར་ གཞུང་གི་ཡིག་ཚང་དང་ རྩ་ཁྲིམས་ཅན་གྱི་ ཡིག་ཚང་ཚུ་གིས་ བརྡ་དོན་ཚུ་བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ མི་མང་ལུ་ གནས་ཚུལ་གྱི་ ཐོབ་དབང་ལུ་ ཐོ་ཕོག་པའི་ཁར་ བརྡ་བརྒྱུདཔ་ཚུ་གིས་ བརྡ་སྤེལ་ནིའི་ འགན་ཁུར་ཚུལ་ལྡན་འབག་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ གཙོ་འཛིན་གསརཔ་གིས་ བཤད་ཅི།

བཀྲིས་སྒྲོལ་མ་གིས་ ཀུན་གསལ་ནང་ གནས་ཚུལ་བསྡུ་བཀོདཔ་ལས་འགོ་བཙུགས་ ད་ལྟོའི་གོ་གནས་ཚུན་ཚོད་ ཕྱག་ཞུ་སྟེ་ ལོ་ངོ་༡༧ ལང་ཡོདཔ་ཨིན་པས།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་དེ་ བརྡ་བརྒྱུདཔ་ཚུ་ ཉེན་སྐྱོབ་འབད་ནིའི་དོན་ལས་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་འོག་ལུ་ རང་དབང་ཅན་གྱི་ ལས་སྡེ་ཅིག་སྦེ་ ཐོ་བཀོད་འབད་ནུག།

མཐུན་ཚོགས་ཀྱིས་ གསར་ཤོག་དང་ རྒྱང་མཐོང་ རྒྱང་བསྒྲགས་གནས་ཚུལ་གྱི་ དལ་དབང་དང་ གནས་ཚུལ་གྱི་ཐོབ་དབང་ དེ་ལས་ བརྡ་བརྒྱུདཔ་ཚུ་གི་ ཐོབ་དབང་དང་ ཁྱད་རིག་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་པས།

སྤྱི་ལོ་༢༠༡༥ ཟླ་༩ པ་ལས་ སྤྱི་ལོ་༢༠༢༢ ཟླ་༧ པ་ཚུན་ ལོ་ངོ་༧ གྱི་རིང་ མཐུན་ཚོགས་ཀྱི་ གཙོ་འཛིན་སྦེ་ ཕྱག་ཞུ་མི་ ཀུན་གསལ་གྱི་ རྩོམ་སྒྲིག་འགོ་དཔོན་ རིག་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ གཙོ་འཛིན་གྱི་ འགན་ཁུར་ངོ་མ་ར་ མ་དངུལ་འཚོལ་ནི་དེ་ཨིན་པས།

མ་དངུལ་དེ་ཡང་ གཙོ་བོ་ར་ སྤྱི་ཟླ་༥ པའི་ཚེས་༣ ལུ་ འཛམ་གླིང་བརྡ་བརྒྱུད་དལ་དབང་གི་ ཉིནམ་དང་བསྟུན་ བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་བསྡུ་བཀོད་འབད་བའི་སྐབས་ གདོང་ལེན་ག་དེ་སྦེ་ར་བྱུང་རུང་ དེ་ལུ་ འཚེར་སྣང་མེད་པར་ རྒྱལ་ཡོངས་ལུ་ བརྡ་སྤེལ་ཐོག་ལས་ མི་སྡེ་ནང་ ཁྱད་པར་སྦོམ་བཟོ་བའི་ ངོས་འཛིན་ལུ་ གཟེངས་བསྟོད་གསོལ་རས་བྱིན་ནིའི་དོན་ལུ་ འཚོལ་དགོཔ་ཨིན་ཟེར་ རིག་འཛིན་དབང་ཕྱུག་གིས་ བཤདཔ་ཨིན་པས།

ད་རེས་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ནང་ འཐུས་མི་སྦེ་ ཐོ་བཀོད་འབད་མི་ བརྡ་བརྒྱུདཔ་༩༠ དེ་ཅིག་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *