འབྲུག་བརྒྱུད་འཕྲིན་གྱི་ བཀོད་ཁྱབ་གཙོ་འཛིན་ དགོངས་ཕོག་བཏོན་ནི་ལས་བཤོལ་བཞག།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་བརྒྱུད་འཕྲིན་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་དབང་རྒྱལ་མཚན་དེ་ ད་ལྟོ་ ས་ཆ་ཉོ་བཙོང་དང་འབྲེལ་བའི་ རྩོད་བཤེར་ནང་ ཉེས་འཛུགས་ཅན་ཅིག་ཨིནམ་ལས་ དགོངས་ཕོག་གཏང་དགོཔ་ཅིག་ཨིན་རུང་ བཀོད་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ དགོངས་ཕོག་མ་བཏོན་རུང་བཏུབ་སྦེ་ ངོས་ལེན་འབད་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྟ་ལ་ཁ་ལས་ གཞུང་ས་ཚུལ་མིན་ཐོག་ སྒེར་ཁྲམ་ནང་ སྤོ་སོར་འབད་བའི་ཉེས་འཛུགས་ཐོག་ རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་མིའི་ནང་ ཉེས་འཛུགས་ཅན་༡༡ ཡོད་མི་ལས་༡ ཚེ་དབང་རྒྱལ་མཚན་ཡོད་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འབྲུག་བརྒྱུད་འཕྲིན་ཚད་འཛིན་གྱི་ བཀོད་ཚོགས་ཁྲི་འཛིན་ལུ་ ཁོ་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོཔ་སྦེ་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ ཡི་གུ་བཏང་ཡོདཔ་ཨིན་པས།
མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་གྱིས་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ཡི་གུ་བཏང་མིའི་ནང་ འབྲུག་བརྒྱུད་འཕྲིན་གྱི་ བཀོད་ཁྱབ་གཙོ་འཛིན་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་གཏང་དགོ་པའི་ འོས་ཁུངས་ཅིག་ མ་མཐོང་མི་དེ་ཡང་ བཀོད་ཁྱབ་གཙོ་འཛིན་གྱིས་ ཁོ་གི་གནས་ཡུན་ ལོ་༣ དེ་ ཚང་རན་ཡོདཔ་ལས་ གནས་ཡུན་བསྐྱར་གསོ་མི་འབད་ནི་སྦེ་ ཐག་བཅད་ནུག་ཟེར་བཀོད་ནུག།
དེ་མ་ཚད་ མདོ་ཆེན་བཀོད་ཚོགས་ཀྱི་ འཆར་སྣང་ལུ་ ཚེ་དབང་རྒྱལ་མཚན་གྱི་ རྩོད་དོན་དེ་ ད་ལྟོའི་ལས་འཛིན་དང་ འབྲེལ་བ་མེདཔ་ལས་ ཡིག་ཆ་ཚུ་ སྐྱོན་ཞུགས་འབད་ནི་གི་ འོས་འབབ་རྩ་ལས་མེད་པའི་ཁར་ ཁོ་གི་ གནས་ཡུན་ཚང་ནི་ལུ་ ཟླཝ་༢ མ་གཏོགས་མེདཔ་ལས་ དགོངས་ཕོག་བཏོན་དགོཔ་ཅིག་ མ་མཐོང་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་ཅན་དེ་ དགོངས་ཕོག་མ་བཏོན་པ་ཅིན་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་ཀྱི་འདུན་སར་ བཅར་བའི་སྐབས་ ཡིག་ཚང་གི་ རྒྱུ་དངོས་ཚུ་ ལག་ལེན་འཐབ་བཅུག་ནི་མི་འོང་ཟེར་ གདམ་ཁ་གནང་མི་དེ་ལུ་ བཀོད་ཚོགས་ཀྱིས་ འོས་ལྡན་ཅན་སྦེ་མཐོངམ་ལས་ བཀོད་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ ཁོ་ལུ་ རྒྱུ་དངོས་ཚུ་ སྤྱོད་མི་བཅུག་ནི་གི་ ཁས་ལེན་ཡོད་ཟེར་ བཀོད་ཚོགས་ཀྱི་ ཡི་གུ་ནང་བཀོད་ནུག།
དེ་འབདཝ་ལས་ ཚོང་སྡེའི་མཐའ་དོན་ལུ་བལྟ་སྟེ་ བཀོད་ཁྱབ་གཙོ་འཛིན་དེ་ ལཱ་གཡོག་ནང་ལས་ དགོངས་ཕོག་མ་བཏོན་པར་ བཞག་པ་ཅིན་ ཁོ་རའི་གནས་ཡུན་ཟླཝ་༢ ལུས་མི་དེ་ཡང་ འཛིན་སྐྱོང་གསར་རྙིང་གི་ རྩིས་སྤྲོད་ལེན་ཚུ་ ལེགས་ཤོམ་སྦེ་ འབད་ཚུགས་ནི་མས་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མདོ་ཆེན་བཀོད་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་རུང་ ཚེ་དབང་རྒྱལ་མཚན་དེ་ དགོངས་ཕོག་མ་བཏོན་རུང་བཏུབ་སྦེ་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཚེ་དབང་རྒྱལ་མཚན་དེ་ ཧེ་མར་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ས་ཁྲམ་མདོ་ཆེན་འོགམ་སྦེ་ ཕྱག་ཞུ་བའི་སྐབས་ རྟ་ལ་ཁ་ལུ་ ཚེ་འདས་ཨ་ནེ་ནོར་འཛོམས་ཀྱི་ མིང་ཐོ་ཁར་ཡོད་མི་ རྩ་སྟོང་གི་ས་ཆ་ཌིསི་༡༠ གཡོ་སྒྱུའི་ཐོག་ ཁྲམ་སྤོ་སོར་འབད་མིའི་ནང་ ལྕང་གི་རྒཔོ་བགྲེསཔ་ གནག་ཀུ་དང་ རྒཔོ་བགྲེསཔ་དགོན་མཆོག་ རྣམ་རྒྱལ་གསུམ་དང མགུ་མཐུད་རྐྱབ་མི་དང་ ཁྲིམས་ཀྱི་འདུན་སར་ ཁོ་གི་གནས་ཚང་དེ་ ཚེ་འདས་ཨ་ནེ་ནོར་འཛོམས་ཀྱི་ཚམོ་ཨིནམ་སྦེ་ ཤོབ་ཞུ་ཡོདཔ་སྦེ་ ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་ནུག།
ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚེ་དབང་རྒྱལ་མཚན་ལུ་ ནང་གསུག་ལེན་པའི་ ཉེས་འཛུགས་བཀལ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *