༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ ཁ་ཙ་ ལྷུན་རྩེ་རྫོང་ཁག་འོག་གི་ འདེམས་ཁོངས་༢ ནང་ ཁས་བླངས་གསལ་བསྒྲགས་མཇུག་བསྡུ་ཡོདཔ་བཞིན་དུ་ སྲིད་ཚོགས་ལུ་ གཞུང་སྐྱོང་གི་ གོ་སྐབས་གནང་པ་ཅིན་ རྫོང་ཁག་གི་ མི་སེར་ཚུ་གིས་ རེ་འདོད་སྦོམ་བསྐྱེད་བཞིན་ཡོད་མི་ ཤིང་མཁར་དང་ སྒོར་གཱན་གྱི་གཞུང་ལམ་དེ་ ག་དེ་སྦེ་ཨིན་རུང་ བསལ་ཚུགསཔ་འབད་ནིའི་ ཁས་བླངས་འབད་ཡི།
ཚོགས་པའི་གཙོ་འཛིན་གྱིས་ བཙན་མཁར་རྒེད་འོག་དང་ སྨིན་རྗེ་ སྨན་སྦིས་ དེ་ལས་ སྒང་ཟུར་རྒེད་འོག་ལྟེ་བ་ཚུ་ནང་ མི་བརྒྱ་ལས་བཅད་མི་ཚུ་གི་གདོང་ཁར་ སྐུལ་བསྒྲགས་འབད་བའི་སྐབས་ གཞུང་ལམ་དེ་གི་སྐོར་ལས་ ག་བ་དྲགཔ་སྦེ་ ཁོ་གིས་ཤེས་མི་དེ་ཡང་ ཁོ་ར་ དེ་ནང་འབྲེལ་གཏོགས་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ གཞུང་ལམ་དེ་ ཐོགས་ལུས་དགོ་མི་དེ་ཡང་ གཙོ་བོ་ཁྲིམས་ལུ་བརྟེན་ཨིནམ་ལས་ ཁྲིམས་དེ་བསྒྱུར་བཅོས་ཆུང་ཀུ་ཅིག་འབད་ཞིནམ་ལས་ ཐབས་ལམ་དེ་ འགྲིག་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ སྲིད་ཚོགས་གཞན་བཟུམ་སྦེ་ བློན་པོའི་གོ་གནས་ ཁས་བླངས་འབད་ནི་མེདཔ་ད་ འདེམས་ངོ་ཆ་མཉམ་ ལྕོགས་གྲུབ་ཅན་ཙང་ཙ་ཡོདཔ་མ་ཚད་ མི་སེར་གྱི་ རྒྱབ་སྐྱོར་དང་འཁྲིལ་ ལྷན་རྒྱས་དེ་ ཚོགས་པའི་བཀོད་ཁྱབ་ཚོགས་ཆུང་གིས་ ཐག་བཅད་འོང་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ འབྲུག་ཀུན་མཉམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ གཞན་ཚོགས་པ་༢ ནང་འཛུལ་མི་དེ་ སྲིད་ཚོགས་ག་ལུ་ རྒྱབ་སྐྱོར་འབད་རུང་ ག་ར་བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་དོ་ཡོད་པའི་ རྟགས་མཚན་བཟང་པོ་ཅིག་ ཨིན་མས་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་དང་ ཡང་ན་ འབྲུག་ཕུན་སུམ་ཚོགས་པ་ག་གིས་ གཞུང་སྐྱོང་འབད་རུང་ འབྲུགཔ་ར་ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་ལུ་འགན་ཁུར་དང་ ཚ་གྱང་སྦོམ་ཤོས་ཅིག་ ཚོགས་རྒྱན་ལྷང་ནིའི་དོན་ལུ་ རིན་མེད་སྟོང་པར་བྱིན་ནིའི་ ཁས་བླངས་འབད་མི་དེ་ཨིནམ་ལས་ དེ་གི་དོན་ལུ་ འོང་འབབ་ཀྱི་ཐོན་ཁུངས་དང་ ཡུན་བརྟན་ག་དེ་སྦེ་ཡོད་མེད་ དབྱེ་བ་དཔྱད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ད་ལྟོ་ བཙག་འཐུའི་གནས་སྐབས་ནང་ སྲིད་ཚོགས་ཚུ་གིས་ ཉམ་ཆུང་ཨིན་ཟེར་སླབ་སྟེ་ མི་སེར་ཚུ་ སེམས་འགྱུར་ཐབས་འབད་སར་མཐོང་དོ་ཡོདཔ་ད་ ཧ་ལམ་མི་ལོ་༢༠ དང་༣༠ གི་བར་ན་འབད་བ་ཅིན་ མི་ཚུ་ གཟུགས་ཁར་གོ་ལ་ར་རྡུག་ སྤེད་སྤེད་པའི་ཐོག་ཁར་ གོ་ལ་གྲ་དུམ་སྦྱར་ཏེ་ བཙེམ་བཙེམ་བགྱོན་པའི་ཁར་ རྐང་མར་ལྷམ་ཅིག་ཡང་ བཙུགས་ནི་མེད་པའི་ ཉམ་ཆུང་ངོ་མ་ཨིན་རུང་ ད་རེས་ནངས་པར་ དེ་སྦེ་མེན་པར་ ལག་པར་འགྲུལ་འཕྲིན་མོ་བཱ་ཡེལ་རེ་ མ་བཤེད་མི་ ཕུད་རྡོག་ཅིག་ཡང་ མེད་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ད་ལྟོ་ གནས་སྐབས་ཀྱི་ ཁེ་ཕན་རྐྱངམ་གཅིག་ལྟ་སྟེ་ མ་འོངས་པར་ གཞི་རྟེན་མཁོ་ཆས་ ཤེས་རིག་དང་ གསོ་བ་ ན་གཞོན་ཚུ་ལུ་ ལཱ་གཡོག་བྱིན་ནི་དེ་ཚུ་ ཆད་བཅུག་ཨིན་ན་ ཡང་ཅིན་ འོང་འབབ་བཟོ་སྟེ་ དཔལ་འབྱོར་གོང་འཕེལ་ཐོག་ མ་འོངས་པར་ མཐུན་རྐྱེན་ཚུ་ རྒྱ་སྐྱེད་གཏང་ཞིནམ་ལས་ རང་མགོ་རང་འདྲོང་བཟོ་ནི་ཨིན་ན་ཚུ་ མི་སེར་གྱི་ལག་པར་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་གི་གོ་སྐབས་འཐོབ་པ་ཅིན་ མི་དབང་འབྲུག་རྒྱལ་༤ པ་མཇོག་གི་ ཐུགས་ཀྱི་དགོངས་གཏེར་ སྤྱི་ལོ་༢༠༢༠ ལས་ རང་མགོ་རང་འདྲོང་བཟོ་ནི་ ད་ལྟོ་ འགྲུབ་མ་ཚུགས་པར་ཡོད་མི་དེ་ སྤྱི་ལོ་༢༠༢༥ ལས་ འགྲུབ་ཚུགསཔ་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ བཤད་ཅི།
རང་མགོ་རང་འདྲོང་བཟོ་དགོ་པ་ཅིན་ རྒྱལ་ཁབ་ཀྱི་ འོང་འབབ་འབྱུང་ཁུངས་སྦོམ་ཤོས་ཅིག་ཨིན་མི་ གློག་མེ་ལས་འགུལ་ཚུ་ཨིནམ་ལས་ ད་ལྟོ་ གྲུབ་མ་ཚུགས་པར་ཡོད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་ གཉིས་པ་ དེ་ལས་ མང་སྡེ་ཆུ་ཚུ་ ག་དེས་མགྱོགས་མགྱོགས་ མཇུག་བསྡུ་ཞིནམ་ལས་་ ད་རུང་ ལས་འགུལ་སྦོམ་༣ དེ་ཅིག་གཞི་བཙུགས་འབད་ནི་ཨིན་པས།
དེ་གི་ཤུལ་ལས་ ལྷུན་རྩེ་ལུ་འབད་བ་ཅིན་ རྡོ་རྗེ་ལུང་དང་ མཁོ་ལོང་ཆུ་ ལྕམ་མཁར་ཆུ་ལ་སོགས་པའི་ གློག་མེ་ལས་འགུལ་ཆེ་འབྲིང་ཆུང་༣ ལེ་ཤ་ ངོས་འཛིན་འབད་དེ་ཡོད་མི་ཚུ་འགྲུབ་སྟེ་ ལྟ་བཤལ་དང་ སོ་ནམ་གོང་འཕེལ་འགྱོ་བའི་བསྒང་ལས་ རྒྱལ་ཁབ་རང་མགོ་རང་འདྲོང་དེ་ ལས་ཀྱིས་ར་འགྱོ་འོང་ཟེར་ བཤད་ཅི།
ཁོ་གིས་སླབ་མིའི་ནང་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་གྲུབ་ཐབས་འབད་ནི་དེ་ ཚོགས་པའི་ལྟ་བ་ཨིན་རུང་ འགན་ཁུར་དེ་ བཙག་འཐུ་གྲུབ་མི་གཞུང་ལུ་རྐྱངམ་གཅིག་མེན་པར་ ང་བཅས་ར་ མི་རེ་རེ་བཞིན་དུ་གིས་ འབག་དགོ་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་ ཚོགས་རྒྱན་བཙུགས་མི་ལུ་ བཙག་འཐུའི་སྐབས་ འདེམས་ངོ་དང་ སྲིད་ཚོགས་རྒྱལ་ནི་མེན་པར་ རྒྱལ་ཁབ་རྒྱལ་དགོཔ་ཁག་ཆེ་ནི་དེ་གིས་ འཕྲལ་ཕུགས་༢ ལུ་ཕན་ཐོགས་པའི་ གཞུང་བཙག་འཐུ་འབད་དགོཔ་ ཁག་ཆེ་ཟེར་ བཤད་ཡོད་པའི་གནས་ཚུལ།
ལྷུན་རྩེ་ལས་ ཚེ་རིང་རྣམ་རྒྱལ།